བོད་ནང་གི་བོད་མི་ཚོས་བཙན་གནོན་དང་དམ་དྲགས་འོག་ནས་༸གོང་ས་མཆོག་གི་འཁྲུངས་སྐར་མངོན་ལྐོག་གཉིས་ནས་སྲུང་བརྩི་བྱས་སོང་།

ཕྱི་ཟླ་༧ཚེས་༦་ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་བོད་མི་ཚོས་མགོན་པོ་གང་ཉིད་དགུང་གྲངས་༨༧སོན་པའི་འཁྲུངས་སྐར་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། དེ་རིང་ཡུལ་སྡེའི་རི་མགོར་བསང་ཕུད་མཁན་དང་མངོན་པར་མི་གསལ་བའི་ངང་སྤྲོ་གསང་གཏོང་བ་དང་འབྲེལ། སྐྱབས་མགོན་རིན་པོ་ཆེས་འཁྲུངས་སྐར་སྲུང་བརྩི་གནང་མཁན་མང་པོ་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ཉེ་སྔོན་ཕྱི་ཟླ་༧པ་ཚེས་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་མང་པོའི་ནང་དམ་དྲགས་བྱེད་འགོ་ཚུགས་ཡོད་ན་ཡང་། དམ་དྲགས་དང་ཞིབ་བཤེར་རིགས་ལ་མ་བལྟོས་པར་བོད་ནང་གི་བོད་མི་ཁག་ཅིག་ནས་ཆེད་དམིགས་༧གོང་ས་མཆོག་ལ་རྩོམ་ཡིག་ཁག་ཅིག་ཀྱང་སྤེལ་སོང་བར། ལྟ་ཀློག་དང་བརྒྱུད་སྤེལ་བྱེད་མཁན་མང་པོ་བྱུང་སོང་ལ། རྩོམ་ཡིག་ཅིག་གི་ནང་རྒྱང་རིང་གི་ཁྱེད་ནི་ང་ཚོའི་སེམས་ཀྱི་རྟེན་ས་དང་རེ་བའི་ཉན་ས་ཡིན་པས། ང་ཚོས་གསོལ་འདེབས་ཀློང་ནས་དྲན་བཞིན་རེ་སྒུག་བྱས་ཡོད་སོགས་བཀོད་འདུག
རྒྱ་ནག་གཞུང་གིས་ཉེ་བའི་ཉིན་ཤས་ནས་བཟུང་མགོ་ལོག་དང་ལི་ཐང་ཕྱོགས་སུ་ཡུལ་མི་ཚོར་ཚོགས་འདུ་ཚོགས་ཏེ། ཁ་པར་ལ་ཞིབ་བཤེར་དང་པར་རིས་གང་བྱུང་སྤེལ་མི་ཆོག་པའི་ཉེན་བརྡ་གཏོང་གི་ཡོད་ཀྱང་། ཁ་སང་སྔ་དྲོ་ནས་བཟུང་བོད་ནང་གི་བོད་མི་ཚོས་དམ་དྲག་དང་ལྟ་རྟོག་འོག་ནས་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་དང་ཝེ་པོ་སོགས་ཀྱི་ནང་། དངོས་ཤུགས་གཉིས་ནས་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྤེལ་དང་འཁྲུངས་སྐར་བསུ་དང་། སྐུ་ཚེ་བརྟན་པར་ཤོག། རྒྱང་རིང་གི་སྐྱབས་དང་མགོན་སོགས་ཤིས་ཚིག་ཕུལ་བ་སོགས་བྱས་ཏེ། འཁྲུངས་སྐར་སྲུང་བརྩིའི་རྣམ་པ་ཕྱོགས་ཡོངས་ནས་སྟོན་ཐབས་བྱས་ཡོད་པ་རེད།
ཕྱི་ལོ་༢༠༢༡ལོར་སྐུའི་འཁྲུངས་སྐར་དང་བསྟུན་ཁམས་དཀར་མཛེས་ཁུལ་འཁྱག་ལུང་གྲོང་ནས་ཡིན་ཞིང་རང་ལོ་༤༠ཙམ་སོན་པའི་སྐྱེས་པ་དཀོན་མཆོག་བཀྲ་ཤིས་དང་། བུད་མེད་རྫ་པོ་ཞུ་བ་གཉིས་ནས་འཁྲུངས་སྐར་སྲུང་བརྩི་བྱས་སྐོར་བརྗོད་དེ་འཛིན་བཟུང་བྱས་ཡོད་པ་རེད་ལ། དེ་བཞིན་ལི་ཐང་ཕྱོགས་ནས་དགེ་འདུན་པ་ཁག་ཅིག་ཀྱང་འཛིན་བཟུང་གིས་ཉིན་གྲངས་མང་པོར་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། དེ་རིང་སྐུའི་འཁྲུངས་སྐར་ཉིན་༧གོང་ས་མཆོག་ནས་ཏཱ་ལའི་བླ་མའི་ཡིག་ཚགས་དང་དཔེ་མཛོད་ཁང་དབུ་འབྱེད་དང་འབྲེལ། བོད་ནང་གི་བོད་མི་ཚོས་ངོས་ནས་ད་བར་བཀའ་གསུང་ག་རེ་ཕེབས་པ་ལག་བསྟར་གྱིས་ཧུར་ཐག་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།