ལྕམ་སྐུ་བྷེ་ཀྲེ་ཝི་ལིམ་སི་མཆོག་འདས་གྲོངས་སུ་ཕྱིན་པས་༧གོང་ས་མཆོག་གིས་ཐུགས་གསོའི་ཕྱག་ཡིག་སྩལ།


2020.03.19
༧གོང་ས་མཆོག་དང་ལྕམ་སྐུ་བྷེ་ཀྲེ་ཝི་ལེམ་སི་(Betty Williams)་མཆོག ༢༠༡༤།༡༢།༡༤ ༧གོང་ས་མཆོག་དང་ལྕམ་སྐུ་བྷེ་ཀྲེ་ཝི་ལེམ་སི་(Betty Williams)་མཆོག ༢༠༡༤།༡༢།༡༤
AFP

བོད་དོན་རྒྱབ་སྐྱོར་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་བྷེ་ཀྲེ་ཝི་ལེམ་སི་(Betty Williams)་མཆོག་འདས་གྲོངས་སུ་གྱུར་བར་༧གོང་ས་མཆོག་གིས་ཐུགས་གསོའི་ཕྱག་ཡིག་སྩལ་འདུག
དགུང་གྲངས་༧༦་ལ་ཕེབས་པ་བྱང་ཕྱོགས་ཨ་ཡིར་ལེན་ཊའི་ཞི་བའི་ལས་འགུལ་བ་དང་། བོད་དོན་རྒྱབ་སྐྱོར་བ་དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་བྷེ་ཀྲེ་ཝི་ལེམ་སི་(Betty Williams)་མཆོག་ཕྱི་ལོ་ ༢༠༢༠ ་ཟླ་ ༣ ་ཚེས་ ༡༧ ་ཉིན་རང་གི་གཟིམ་ཤག་ཏུ་འདས་གྲོངས་སུ་སོང་བའི་གནས་ཚུལ་ཐོན་པར། འདི་ཚེས་༡༩་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་ཕྱག་ཡིག་སྩལ་གནང་མཛད་འདུག དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་ན། ལྕམ་ཁོང་ནི་༧གོང་ས་མཆོག་ལ་དད་གུས་དང་ཐུགས་འདྲིས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ༧གོང་ས་མཆོག་གི་ཐུགས་གསོའི་ཕྱག་ཡིག་ནང་། དམ་པ་ཁོང་ནི་འཛམ་གླིང་ནང་ཞི་བདེའི་ལས་འགུལ་བ་གྲགས་ཅན་ཞིག་ཡིན་ཞིང་། བྱང་ཕྱོགས་ཨ་ཡིར་ལེན་ཊའི་ནང་ཞི་བདེའི་ལས་འགུལ་སྤེལ་མཁན་གཙོ་གྲས་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༧༦ ་ལོར་ཞི་བདེའི་མི་དམངས་ཞེས་པའི་ཚོགས་པ་བཙུགས་ནས་བྱང་ཕྱོགས་ཨ་ཡིར་ལེན་ཊའི་ཞི་བདེ་གོང་འཕེལ་སླད་འབད་བརྩོན་གནང་འབྲས་སུ། དམ་པ་ཁོང་ལ། ཕྱི་ལོ་ ༡༩༧༦ ་ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་བཅས། ཁོང་སྐུ་གྲོངས་པར་ཁོང་གི་ཚ་བོ་སྐུ་ཞབས་ལོ་རན་སན་ལགས་སུ་༧གོང་ས་མཆོག་གིས་ཐུགས་གསོའི་ཕྱག་ཡིག་སྩལ་ཡོད་པ་གསུང་གནང་གི་འདུག
ཡང་ཁོང་གིས་མུ་མཐུད་དུ་གསུངས་ན། ཕྱག་ཡིག་དེའི་ནང་དུ་མ་འོངས་པར་འཛམ་གླིང་ནང་དམ་པ་ཁོང་གི་ཞི་བདེ་གོང་འཕེལ་གཏོང་ཐབས་ཀྱི་དགོང་གཞི་དེ་མུ་མཐུད་ནས་མཇུག་སྐྱོང་དགོས་གལ་ཆེ་བ་བཀའ་གནང་ཡོད་པ་རེད་འདུག
སྐུ་གཤེགས་དམ་པ་ལྕམ་སྐུ་བྷེ་ཀྲེ་ཝི་ལེམ་སི་(Betty Williams)་མཆོག་གི་སྐུ་ཕུང་འདི་ཚེས་༢༣་ཉིན་བཞུ་འབུལ་གནང་གི་ཡོད་པར་སོང་། སྐབས་དེར་དབྱིན་ཡུལ་སྐུ་ཚབ་དོན་གཅོད་མཆོག་ངོ་བཅར་དགོས་པའི་བཀོད་མངགས་གནང་ཡོད་འདུག
དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཛ་དྲག་གི་སྐབས་འདིར་སྔོན་འགོག་ཆེད་དུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་འཛད་འཆཪ་ཁག་གནས་སྐབས་ཕྱིར་བཤོལ་གནང་ཡོད་ཀྱང་། ༧གོང་ས་མཆོག་གི་སྐུ་ཁམས་སྔར་བཞིན་གསལ་ཐང་ངང་ཡོད་པས་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཙོས་དད་ལྡན་རྗེས་འབྲངས་པ་ཚང་མ་ཐུགས་བདེ་གནང་ཆོག་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་བྱུང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཀྱང་། དམ་པ་ཁོང་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་ཞིང་། བོད་མི་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་པ་གསུངས་ནས་ཐུགས་གསོ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎