༧གོང་ས་མཆོག་ཨ་རི་ནས་རྒྱ་གར་ལ་ཆིབས་ཐོན་གནང་འདུག
2017.06.26
བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ་གིས་ཨ་རིའི་ནང་གི་མངའ་སྡེ་གསུམ་ནང་ཉིན་གྲངས་༡༤་ཙམ་གྱི་མཛད་འཕྲིན་ཁག་ལེགས་འགྲུབ་ནས་འདི་ཚེས་༢༦་ཉིན་གྱི་ཞོགས་པར་ཕྱིར་རྒྱ་གར་ལ་ཆིབས་ཐོན་གནང་འདུག
༧གོང་ས་མཆོག་སྤྱི་ཟླ་༦པའི་ཚེས་༢༤་ཉིན། ཨ་རིའི་བྷོ་སི་ཀྲོན་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་གནང་བ་དང་། བྷོ་སོ་ཀྲོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཁོངས་ཀྱི་ཚོགས་མི་གཙོ་བོར་གྱུར་པའི་ས་གནས་གཞན་ཁག་ནས་ཕེབས་པའི་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་༧གོང་ས་མཆོག་བཞུགས་གནས་(Hyatt Regency)མགྲོན་ཁང་མདུན་དུ། གྲོ་སོ་ཕྱེ་མར་འདེགས་འབུལ་དང་བཀྲིས་ཞོལ་པ། རྒྱས་གཞས་བཅས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་དང་། དཀར་གཙང་གི་མཇལ་དར་དང་མེ་ཏོག་བཟུང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས་ཕེབས་བསུ་བཅར་མཁན་ཨ་རིའི་Massachusettsམངའ་སྡེའི་སྤྱི་ཁྱབ་Charlie Bakerལགས་ཀྱི་སྐུ་ཚབ་དང་། ས་གནས་བྷོ་སི་ཀྲོན་གྲོང་ཁྱེར་གྱི་སྤྱི་ཁྱབ་Marty Walsh ལགས་ཀྱི་སྐུ་ཚབ་བཅས་གཞུང་འབྲེལ་ཕེབས་བསུར་ཡང་བཅར་ཡོད་པ་རེད།
ཐེངས་འདིའི་༧གོང་ས་མཆོག་མཇལ་ཁར་Massachusetts, Vermont ,Kentucky, Washington D.C དང་ New york་སོགས་ཉེ་འཁོར་གྱི་མངའ་སྡེ་ཁག་ནས་ཆེད་དུ་བཅར་མཁན་བོད་མི་མང་པོ་ཡོད་ཅིང་།
༧གོང་ས་མཆོག་ས་གནས་འདིར་དེ་སྔོན་ཐེངས་མང་ཆིབས་བསྒྱུར་བསྐྱངས་གནང་མྱོང་ཡོད་པ་དང་། ལྷག་པར་དུ་སྤྱི་ལོ་༢༠༡༤ལོའི་ནང་ས་གནས་འདིར་ཆིབས་བསྒྱུར་སྐབས་བྷོ་སི་ཀྲོན་གྲོང་ཁྱེར་TD Garden རྩེད་ཐང་དུ་མང་ཚོགས་ཁྲི་གཅིག་ཙམ་མཉམ་འཛོམས་བྱུང་ཡོད་པ་རེད།
སྤྱི་ཚེས་༢༥་གཟའ་ཉི་མའི་ཞོགས་པར་མི་གྲངས་༢༠༠༠་གི་གཤོང་ཚད་ཡིན་པའི་མགྲོན་ཁང་ཞིག་ཏུ་ས་གནས་བོད་མིར་བཀའ་སློབ་བཀའ་དྲིན་བསྩལ་གནང་བ་སོགས་ཉིན་ཞག་༡༤་ཡི་ཨ་རིའི་ནང་གི་མཛད་འཕྲིན་ཡོད་ཚད་ལེགས་པར་འགྲུབ་ནས་སྤྱི་ཚེས་༢༦་ཉིན་གྱི་ཞོགས་པར་ཕྱིར་རྒྱ་གར་དུ་ཆིབས་ཐོན་གནང་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།