བོད་དང་སོག་པོ་འབྲུག་བཅས་ཆོས་སྲིད་གང་ཅིའི་ཐད་འབྲེལ་བ་ཡོད།

༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་ནང་མཛད་འཕྲིན་སྤེལ་སྐབས། ༢༠༡༥།༦།༡༡
༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་ནང་མཛད་འཕྲིན་སྤེལ་སྐབས། ༢༠༡༥།༦།༡༡ (སྐུ་སྒེར་དྲ་བ)

༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་ནང་ས་གནས་ཀྱི་བོད་མི་དང་། སོག་པོ། འབྲུག་པ་བཅས་པར་ཟུར་མཇལ་དང་བཀའ་སློབ་གནང་།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨའོསི་ཊརེ་ལི་ཡའི་ནང་མཛད་འཕྲིན་སྐྱོང་བཞིན་པའི་ཐོག་ཁ་ས་ཚེས་༡༡ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨའོསི་ཊརེ་ལི་ཡའི་Brisbaneགྲོང་ཁྱེར་གྱི་Convention Centerཚོགས་ཁང་ཆེན་མོའི་ནང་། ས་གནས་ཀྱི་བོད་མི་དང་། སོག་པོ། འབྲུག་པ་བཅས་ཁྱོན་མི་གྲངས་༤༠༠སྐོར་ལ་ཟུར་མཇལ་དང་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་དང་། ༧གོང་ས་མཆོག་གིས། ལོ་རྒྱུས་ཀྱི་ཐོག་ནས་བོད་དང་སོག་པོ། འབྲུག་བཅས་དབར་ཆོས་དང་། སྲིད། རིག་གཞུང་གང་གི་ཐད་ནས་འབྲེལ་བ་གཏིང་ཟབ་ཡོད་པ་གསུངས་བ་དང་། དེ་དག་གི་བྱུང་རིམ་སྐོར་རྒྱབ་ལྗོངས་ངོ་སྤྲོད་གནང་ཞིང་། ལྷག་པར་དུ་ཆོས་ཕྱོགས་ཀྱི་ཐོག་ནས་བོད་དང་སོག་པོའི་དབར་ལོ་ངོ་བརྒྱ་ཕྲག་རིང་ནས་འབྲེལ་བ་ཡོད་པ་དེ་དག་ད་ལྟའང་མུ་མཐུད་གནས་བཞིན་ཡོད་པ་དྲན་སྐུལ་གནང་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སོག་པོ་དང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་དར་སྤེལ་ཡོད་པའི་ནང་ཆོས་འདི་བཞིན་བོད་ལུགས་ནང་ཆོས་ལས་བྱུང་ཡོད་པ་དང་། བོད་ཀྱི་ནང་ཆོས་འདི་དཔལ་ནལེན་ཊའི་གཞུང་ལུགས་ལས་བྱུང་ཡོད་སྟབས་ཐོུང་གི་ནང་ཆོས་ཀྱི་འབྱུང་ཁུངས་དེ་དཔལ་ནལེན་ཊའི་གཞུང་ལུགས་ལ་གཅིག་མཚུངས་ཐུག་གི་ཡོད་པ་གསལ་འདོན་གནང་འདུག ད་དུང་སོག་པོ་་དང་བོད་གཉིས་ཀྱི་ཆོས་ཕྱོགས་ཀྱི་འབྲེལ་བའི་འཕེལ་རིམ་ནང་། དུས་རབས་༡༣པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། ས་སྐྱ་པན་ཊི་ཏ་རྣམ་གཉིས་ཀྱིས་སོག་ཡུལ་ནང་བོད་ལུགས་ནང་ཆོས་དར་སྤེལ་མཛད་པ་དང་། དེ་བཞིན་ཕྱིས་སུ་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམ་རྒྱལ་མཚན་མཆོག་སོག་ཡུལ་ནང་དགོངས་པ་རྫོགས་པ་དང་། ཁོང་གི་ཡང་སྲིད་རྒྱལ་མཆོག་སྐུ་ཕྲེང་༤པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་ནང་འཁྲུངས་པ། ཡང་ཉེ་བའི་ལོ་རྒྱུས་ནང་། མགོན་པོ་གང་ཉིད་༡༩༧༩ལོར་སོག་ཡུལ་ནང་ཆིབས་བསྒྱུར་ཐོག་མར་མཛད་པ་སོགས་དུས་ད་ལྟའང་སོག་པོ་དང་བོད་རིགས་དབར་འབྲེལ་བ་དམ་ཟབ་དུ་གནས་བཞིན་ཡོད་པ་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།