༸གོང་ས་མཆོག་གིས། དགེ་སློང་མའི་སྡོམ་རྒྱུན་ཞིག་བཙུགས་ཐུབ་ན་ཡག་པོ་འདུག ཅེས་བཀའ་སྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་བར་ཤེས་ཡོན་བརྗེ་རེས་ཀྱི་ལས་གཞིར་ཞུགས་པའི་དགེ་འདུན་པ་ཁག་གཅིག་ལ་མཇལ་ཁ་སྩལ་བའི་སྐབས། ༸གོང་ས་མཆོག་གིས། ངོས་ནས་དགེ་སློང་མའི་སྡོམ་རྒྱུན་དགོས་མིན་དེ། བོད་པ་གཅིག་པོས་ཐག་གཅོད་མ་ཡིན་པར། རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆེན་ཞིག་བསྐོངས་ཏེ། ཞིབ་འཇུག་ཁུངས་ལྡན་གྱིས་དགེ་སློང་མའི་སྡོམ་རྒྱུན་ཞིག་བཙུགས་ཐུབ་ན་ཡག་པོ་ཡོད་ཅེས་བཀའ་སྩལ་བ།
ཡང་དེ་རིང་མཇལ་ཁའི་ཁོངས་སུ་ཡོད་པ་དང་། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་བར་ཤེས་ཡོན་བརྗེ་རེས་ཀྱི་ལས་གཞིའི་ཁོངས་སུ་ཡོད་པ་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་རིང་མཇལ་ཁའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་བར་ཤེས་ཡོན་བརྗེ་རེས་ཀྱི་ལས་གཞིའི་སྐོར་སྙན་གསེང་ཞུས་པའི་ནང་། དེ་སྔོན་ལས་གཞི་དེ་འགོ་བཙུགས་པ་ནས་བཟུང་། ལྷོ་ཕྱོགས་ཀྱི་གདན་ས་ཁག་དང་། དེ་བཞིན་ཤྲི་ལངྐ་དང་། ཐའེ་ལེན་ཌི་སོགས་ཀྱི་ནང་ཤེས་ཡོན་སྐོར་སྐྱོད་གནང་ཡོད་པ་སོགས་ཀྱི་སྐོར་སྙན་གསེང་ཞུས་ཡོད་འདུག
གཞི་རྩའི་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་བར་ཤེས་ཡོན་བརྗེ་རེས་ཀྱི་ལས་གཞི་དེ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།