རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་Bharat Tibbat Sahyog Manchབཙུགས་ནས་ལོ་ངོ་ཧྲིལ་བོ་༢༥འཁོར་བར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་༥པའི་ཚེས་༥ཉིན་དུས་དྲན་སྲུང་བརྩི་གནང་བའི་ཚོགས་མགོན་དུ། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་སྟེ། རྒྱ་གར་ནང་བོད་མི་ཚོ་བསྡད་པའི་རིང་རང་དབང་ཐོབ་ཐང་ཆ་ཚང་རྒྱ་གར་མི་མང་དང་སྤྱི་འགྲེ་སྤྱི་མཚུངས་སུ་ཡོད་པ་དང་། ཆོས་ལུགས་རིས་མེད་ཀྱིས་བསྡད་ཡོད་པ་དང་། བོད་ཀྱི་རིག་གཞུང་གཏིང་ཟབ་ཀྱི་མགོ་ཁུངས་རྒྱ་གར་ལ་ཐུག་པ་སོགས། རྒྱ་གར་དང་བོད་ཀྱི་འབྲེལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་གྲུབ་ཡོད་པ་སོགས་ལམ་སྟོན་ཕེབས་པ། གཞན་ཡང་༧གོང་ས་མཆོག་གིས་བོད་མི་ཚོ་བཙན་བྱོལ་བ་བྱས་ནས་བསྡད་པའི་རིང་དེར། ཕྱི་ནང་གི་མཐུན་རྐྱེན་མང་པོ་ཞིག་གཙོ་ཆེར་རྒྱ་གར་གཞུང་གིས་གནང་བར། རྒྱ་གར་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚོར་ཡང་ཐུགས་རྗེ་ཆེ་ཞུས་གནང་གི་འདུག
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྱི་གྲས་སྐུ་ཞབས་ཨིཎྡྲེཤ་གུམྲཱ་ལགས་ནས་ཀྱང་། ལོ་འདིར་ཁོང་ཚོས་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་གནང་དགོས་པ་སོགས་གསལ་སྟོན་གནང་གི་འདུག
ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྟོབས་ལྡན་རྒྱལ་ཁབ་རྣམས་བོད་ཀྱི་རྒྱབ་རྩར་བཞེངས་ཏེ། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་ལ་རང་སྐྱོང་ཡོང་ཐབས་སྤྱི་དང་། ཁྱད་པར་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་ཞི་མོལ་ཡོང་ཐབས་གནང་དགོས་པ་དང་། རྒྱ་ནག་གཞུང་ནས་བོད་ནང་གཏོར་བཤིག་མཚམས་འཇོག་གིས། བོད་ནང་འབྱོར་ཕྱུག་རྒྱས་པ་ཞིག་བྱ་དགོས་པར་འབོད་སྐུལ་ཞུ་ཡི་ཡོད་ཅེས་གསལ་སྟོན་གནང་སོང་ལ། མཛད་སྒོ་དེར་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། རྒྱ་གར་གྲོས་ཚོགས་འཐུས་མི་དང་མང་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཡོད་པ་སོགས་ཀྱིས། རྒྱ་གར་ནང་བོད་ཀྱི་ཆོས་དང་རིག་གཞུང་གསོན་གནས་ཐུབ་ཡོད་པས། མ་འོངས་པར་ཡང་བོད་དོན་བདེན་མཐའ་སེལ་བ་སོགས་ལ་རྒྱ་གར་གཞུང་མང་གི་རྒྱབ་སྐྱོར་མེད་ཐབས་མེད་པ་ཆགས་ཡོད་པ་སོགས་གསལ་སྟོན་གནང་གི་འདུག

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་པས། རྒྱ་གར་གྱི་མངའ་སྡེ་དང་གྲོང་ཁྱེར།རྫོང་ཁག་འདྲ་མིན་བདུན་ཅུ་ལྷག་གི་ནང་ཡན་ལག་ཚོགས་པ་༡༣༥ཡོད་པའི་ནང་འབྲེལ་མཐུད་པ་དང་བོད་དོན་རྒྱབ་སྐྱོར་བ་ཡོད་པ་མ་ཟད། དུས་ནས་དུས་སུ་རྒྱ་གར་ནང་བོད་དོན་ལས་འགུལ་དང་གོ་རྟོགས་སྣེ་མང་སྤེལ་མཁན་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།