༸གོང་ས་མཆོག་གིས། སྨོན་ལམ་རྒྱག་རྒྱུ་གལ་ཆེ་ཡང་གཙོ་བོ་སེམས་དེ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་འགལ་བ་ཞིག་དགོས་ཞེས་བཀའ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་དེ། ཁུལ་དེར་ཟླ་བ་གཅིག་ལྷག་གི་རིང་འགྲོ་བ་སྤྱིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་མ་ཟད། འདི་ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། སྨོན་ལམ་རྒྱག་རྒྱུ་གལ་ཆེ་ཡིན་ནའང་གཙོ་བོ་སེམས་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་འགལ་བ་ཞིག་དགོས་གལ་ཆེ་བའི་སྐོར་བཀའ་བསྩལ་འདུག
ཐེངས་འདིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གལ་གནད་དང་དེའི་ཐོག་མགོན་པོ་གང་ཉིད་མཆོག་གིས་གང་ཐུབ་ཀྱིས་ཞབས་འདེགས་སྒྲུབ་མུས་ཡིན་པ་སོགས་དུས་ཡུན་སྐར་མ་ལྔ་ཙམ་གྱི་བཀའ་སློབ་ལམ་སྟོན་བསྩལ་ཏེ། བཅོམ་ལྡན་འདས་སངས་རྒྱས་སའི་ཁྱད་དུ་འཕགས་པའི་གནས་རྡོ་རྗེ་གདན་དུ་སྨོན་ལམ་ཞིག་བརྒྱབ་པ་ཡིན་ན། དེར་བསྒྲུབ་པ་ལ་ཕན་ཐོགས་ཡོད་ཅེས་བཀའ་བསྩལ་སོང་།
༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཟླ་བ་གཅིག་ལྷག་བཞུགས་པའི་རིང་ཆོས་འབྲེལ་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་པའི་ཁྲོད། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༠ ཉིན་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་མཛད་ཡོད་པ་དང་། ཟླ་བ་དེའི་ཚེས་ ༢༩ ནས་ ༣༠ བར་དཔལ་མགོན་འཕགས་པ་ཀྲུ་སྒྲུབ་མཆོག་གིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བསྩལ་ཡོད་ཅིང་། ཚེས་ ༣༡ ཉིན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༣ ཉིན་དགེ་བཤེས་ལྷ་རམས་པའི་ཁྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་སྟེང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། སངས་རྒྱས་ཀྱི་ཆོས་ལ་སློབ་གཉེར་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་བསྩལ་ཡོད་པ་རེད།
གཞན་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡༩ རེས་གཟའ་པ་སངས་ཉིན་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།