༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མ་ཎིའི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་༧ཆིབས་བསྒྱུར་གྱིས། སེམས་པ་བཟང་པོ་དང་ཀུན་ལ་ཕན་སེམས་བཅང་དགོས་པའི་བཀའ་སློབ་སྩལ་པ།
རྣམ་ཀུན་ལོ་རེའི་འཆར་ཅན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ས་ག་ཟླ་བའི་དུས་ཚེས་ཁྱད་པར་བ་དང་བསྟུན་མ་ཎིའི་རིལ་སྒྲུབ་གནང་བཞིན་པའི་ཚོགས་མགོན་དུ། སྤྱི་ཟླ་ ༥ ཚེས་ ༡༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་དེ། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་མཆོག་དང་བོད་གངས་ཅན་གྱི་ལྷ་སྐལ་ཡིན་པ། སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་མ་ཎི་སྐྱ་སེར་ཀུན་གྱིས་བགྲང་བསྡད་ཡོད་པ་སོགས་བཀའ་གནང་ཞིང་། ཚང་མས་བྱེད་ཐུབ་པ་ནི་སེམས་པ་བཟང་པོ་དང་ཀུན་ལ་ཕན་སེམས་བཅང་རྒྱུ་འདི་ཡིན་པས་འབད་བརྩོན་བྱ་དགོས་པའི་བཀའ་སློབ་སྩལ་གནང་མཛད་སོང་།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎིའི་རིལ་སྒྲུབ་ཀྱི་རྟེན་གཙོར་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་གདན་འདྲེན་གནང་ཡོད་པར་བརྟེན། མགོན་པོ་གང་ཉིད་ཀྱིས་འཕགས་པ་ཝ་ཏི་བཟང་པོའི་བཞེད་དགོངས་འགྲུབ་པ་སྟེ།སྟོང་ཉིད་སྙིང་རྗེ་ཉམས་ལེན་དང་གཞན་ལ་འགྲེལ་བཤད་གནང་བའི་སྟབས་ཀྱིས། འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ལ་དོ་སྣང་མེད་པ་ཚོས་ཀྱང་སེམས་པ་བཟང་པོ་ལ་དོ་སྣང་གསར་པ་གནང་གི་ཡོད་པ་བཀའ་ཕེབས་གནང་གི་འདུག
ཡང་མགོན་པོ་གང་ཉིད་ཀྱི་མཚན་ལམ་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཧ་ཅང་གསལ་བོ་ཞིག་ཡོང་བསྡད་པ་དང་། ལྷག་བསམ་རྩེ་གཅིག་གིས་མ་ཎི་བསག་སྐབས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ཐུབ་ན།ཡ་གིའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐུགས་གཏིང་ནས་བརྩེ་བ་ཡོང་གི་རེད་ཅེས་ཀྱང་བཀའ་སྩལ་སོང་།
ཡང་ཉིན་འདིར་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་པ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་གང་ཉིད་ནས་མཛད་པ། ཇོ་བོ་ཝ་ཏི་བཟང་པོའི་གསོལ་འདེབས་ཀྱི་ལྗགས་ལུང་ཞིག་ཀྱང་སྩལ་སོང་བ་དང་། དེ་ནི་འཕགས་མཆོག་རང་བྱུང་ཝ་ཏི་བཟང་པོར་གསོལ་འདེབས་སྨོན་ཚིག་ཅིག་དགོས་ཞེས། རྟེན་མཆོག་འདིའི་བདག་པོ་ལྟ་བུར་གྱུར་པ་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་ནས་སྐུལ་ངོར། མགོན་པོ་གང་ཉིད་ནས་སྤྱི་ལོ་༢༠༢༡ལོར་བརྩམས་གནང་བ་ཞིག་ཡིན་པ།གསོལ་འདེབས་སྨོན་ཚིག་དེའི་ཡིག་ཆུང་གི་ནང་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།