༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མ་ཅལ་མངའ་སྡེའི་རྟ་པོ་དགོན་གཙོས་པའི་སྤྱི་ཏི་མི་མང་གིས་བརྟན་བཞུགས་བསྟར་འབུལ་སྐབས། འདོན་པ་བཏོན་པ་དང་སྨོན་ལམ་བརྒྱབ་བསྡད་པ་ཙམ་མིན་པར་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སྩལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྟ་པོ་དགོན་གྱིས་གཙོས་སྤྱི་ཏི་ཡུལ་མི་ཚོས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། མགོན་པོ་མཆོག་གིས་དད་ལྡན་པ་རྣམས་ལ་སྐྱབས་འགྲོ་དང་གཟུགས་སྔགས་འགའི་བཟླས་ལུང་གིས་ཆོས་འབྲེལ་མཛད་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཏི་རྫོང་ཁོངས་ཀྱི་རྟ་པོ་དགོན་གཙོས་པའི་སྤྱི་ཏི་མི་མང་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་བརྟན་བཞུགས་བསྟར་འབུལ་བསྟར་འབུལ་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁྱེད་ཚོ་ཚང་མ་དད་པ་དང་གུས་པ་ཞེན་ཁོག་གཡོ་བ་མེད་པར། ༸རྒྱལ་བ་རིན་པོ་ཆེར་སེམས་ཐག་ཧ་ཅང་ཉེ་བོ་བྱེད་ཀྱི་ཡོད་པ་དང་། ངོས་ལ་ཆ་བཞག་ནའང་སྤྱི་ཏིའི་ཡུལ་མི་ཚོར་སེམས་ཐག་ཉེ་བོ་ཡོད་ཅིང་། ངོས་ཀྱིས་ཆུང་ཆུང་སྐབས་ནས་དཔེ་ཆར་བལྟས་ཏེ་ཆོས་གྲོགས་ཚོ་ཐུག་དུས་འགྲེལ་བཤད་དཔྱིས་ཕྱིན་པ་བརྒྱབ་ཐུབ་ཀྱི་ཡོད་པས། རྒྱ་གར་དུ་བསྡད་དེ་ཡུལ་མི་ཚོར་དད་ཞེན་ཤུགས་ཆེ་ཡོད་ཐོག་ཆོས་ཀྱི་གནས་ཚུལ་རྣམས་འགྲེལ་བཤད་སྐབས། སེམས་ཀྱི་གཏིང་ནས་ཡིད་གཡོ་འགུལ་ཐེབས་ཏེ་ཧ་ཅང་ཡག་པོ་འདུག་པས། ད་ལྟ་བར་ཁྱེད་ཚོ་ཚང་མས་ཧུར་ཐག་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱས་པ་རེད། གལ་ཆེ་བ་ནི་འདོན་པ་བཏོན་པ་དང་སྨོན་ལམ་བརྒྱབ་བསྡད་པ་ཙམ་མིན་པར། སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སྩལ་འདུག

རྟ་པོ་དགོན་པའི་ཁྱབ་ཁོངས་ཀྱི་ལག་རིས་དང་རྟ་པོ། སྤོ་བཅས་གྲོང་ཚོ་ཁག་གསུམ་ནས་སེར་སྐྱ་ཕོ་མོ་ཆིག་སྟོང་ལྷག་ཆེད་དུ་བརྟན་བཞུགས་གནང་བར་བཅར་ཡོད་སྟབས། ཁོང་ཚོ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐྱབས་འགྲོ་སེམས་བསྐྱེད་དང་སྤྱན་རས་གཟིགས། སྟོན་པ་ཤཱཀྱ་ཐུབ་པ་དང་གུ་རུ་རིན་པོ་ཆེ་སོགས་ཀྱི་གཟུངས་སྔགས་ལྗགས་ལུང་ཆོས་འབྲེལ་ཀྱང་སྩལ་ཡོད་པར་བརྟེན། རྟ་པོ་དགོན་པའི་གསེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག་ནས། ༸རྒྱལ་དབང་རིན་པོ་ཆེ་སྤྱི་ཏི་ཁུལ་དུ་ཐེངས་མ་བདུན་ཆིབས་སྒྱུར་གྱིས་དུས་འཁོར་དབང་ཆེན་ཐེངས་མ་གསུམ་སྩལ་ཡོད་པ་དང་། ༸རྒྱལ་བའི་བཀའ་སློབ་ལམ་སྟོན་གཞིར་བཟུང་དགོན་པའི་ངོས་ནས་སློབ་གྲྭ་ཞིག་བཙུགས་པ་དེ། ན་ནིང་ལོ་ངོ་ཧྲིལ་བོ་ ༢༥ འཁོར་བ་དང་བསྟུན་ད་རེས་༸རྒྱལ་བ་རིན་པོ་ཆེར་བཀའ་དྲིན་རྗེས་དྲན་དང་། དགུང་ལོ་དགུ་བཅུའི་གོ་སྟོན་བཅས་ལ་བཀྲ་ཤིས་རྟེན་འབྲེལ་དང་༸སྐུ་ཚེ་ཡུན་རིང་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
སྤྱི་ཏི་ནས་ཡིན་པ་བགྲེས་སོང་ཚེ་རིང་ཆོས་གྲགས་ལགས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་ཆེད་ང་ཚོས་སྨོན་ལམ་བཏབ་པ་དང་། ལྷོད་ལྷོད་ཀྱི་མཇལ་རྒྱུ་བྱུང་བར་ཧ་ཅང་བསྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག དེ་བཞིན་རྟ་པོའི་ཡུལ་མི་བསོད་ནམས་ཆོས་སྒྲོན་ལགས་ནས་ཀྱང་སྔོན་མ་༸གོང་ས་མཆོག་ལ་ལན་མང་མཇལ་མྱོང་སྟེ། ད་ཐེངས་བརྟན་བཞུགས་དང་ཆབས་ཅིག་མཇལ་བར་སེམས་ལ་ཚོར་བ་མི་འདྲ་བ་ཞིག་འདུག་པས། ཚང་མས་མིག་ཆུ་གཏོང་གིའདུག་ཅེས་འགྲེལ་བརྗོད་གནང་བྱུང་། དེ་བཞིན་བདེ་སྐྱིད་སྒྲོལ་མ་ལགས་ནས་༸རྒྱལ་བ་རིན་པོ་ཆེར་མཇལ་དགོས་སྙམ་བཞིན་དུ་ཡུན་རིང་ཕྱིན་སོང་། དེ་རིང་གཞི་ནས་མཇལ་རྒྱུའི་སྐལ་བཟང་བྱུང་བར་སེམས་ནང་ཧ་ཅང་སྤྲོ་སྣང་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ལ་ཧོལ་དང་སྤྱི་ཏི་རྫོང་ཁོངས་སུ་མངའ་སྡེ་དེའི་རྫོང་ཁག་གཞན་ཁག་ཅིག་དང་འདྲ་བར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྗེས་སུ་འཇུག་པའི་བོད་དང་ཆོས་དང་རིག་གཞུང་གཅིག་མཚུངས་ཡིན་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་མང་པོ་གནས་སྡོད་གནང་གི་ཡོད་པ་དང་། ཡུལ་མི་དེ་དག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་གཡོ་མེད་གནང་གི་ཡོད་པ་མ་ཟད། ཡུལ་མི་མང་དག་ཅིག་མགོན་པོ་མཆོག་ཞལ་མཇལ་ཞུ་བར་བཞུགས་སྒར་དུ་བཅར་བཞིན་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།