༸གོང་ས་མཆོག་ལ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༧ ཚེས་ ༢༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་འདུ་གཉིས་ནས་བརྟན་བཞུགས་བསྟར་འབུལ་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་མི་མང་ནས་མགོན་པོ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྣམ་པ་གསལ་པོར་སྟོན་པར་མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་མཛད་པ།
ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་རྒྱལ་ས་གླེའི་ཕྱོགས་སུ་མཛད་འཆར་གཙོ་བོ་ནི་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་ཉིན་གསུམ་གྱི་བཀའ་ཆོས་བཀའ་དྲིན་སྨིན་སྩལ་དེ་དག་ཆགས་ཀྱི་ཡོད་པས། ལ་དྭགས་ས་གནས་གང་ས་ནས་མི་སྟོང་ཕྲག་མང་པོས་གསུང་ཆོས་སྐབས་སྤྱི་ཚོགས་ཞབས་ཞུའི་ཆེད་དང་བླངས་ཀྱི་ཕྱག་ལས་མང་དག་ཅིག་གནང་ཡོད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དང་བླངས་ཞབས་ཞུ་བ་ཁག་གཅིག་ལ་བཅར་འདྲི་ཞུས་སྐབས། གླེ་ནས་ཡིན་པའི་བོད་པ་ཁ་ཆེ་ན་སི་མ་ལགས་ཀྱིས་དུས་རྒྱུན་དུ་དགོས་མཁོ་ཅན་གྱི་ནད་པ་མང་པོ་སྐྱེལ་འདྲེན་གནང་གི་འདུག་པས། ད་རེས་ཉིན་གསུམ་རིང་ཁོང་དང་ནང་མི་རྣམས་ནས་རིན་མེད་ཐོག་ལོ་ན་རྒན་པ་དང་དགོས་མཁོ་ཅན་གྱི་ཆོས་ཞུ་བ་མང་པོ་གསུང་ཆོས་རྭ་བར་སྐྱེལ་འདྲེན་གྱི་ཞབས་ཞུ་བསྒྲུབས་འདུག
ཡང་གསུང་ཆོས་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ལ་གསོལ་ཇ་གྲ་སྒྲིག་ཞུ་ཕྱིར་ལ་དྭགས་དཔེ་ཐུབ་དང་། པ་ལམ་དང་། ས་ཕུད་ཡུལ་པ་རྣམས་ནས་དང་བླངས་ཀྱིས་ཞབས་ཞུ་བསྒྲུབས་གནང་འདུག དཔེ་ཐུབ་ཡུལ་པ་ཡིན་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཁོང་ཉིན་གསུམ་རིང་ཞོགས་པ་ཆུ་ཚོད་ ༢ ཙམ་ནས་ཕྱག་ལས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ཉིན་གསུམ་གྱི་གསུང་ཆོས་རིང་ཞི་བའི་ཚལ་གསུང་ཆོས་རྭ་བར་ཆོས་ཞུ་བ་ཁྲི་ཕྲག་ལྷག་ཕེབས་ཡོད་པ་དང་གསུང་ཆོས་གྲུབ་རྗེས་གད་སྙིགས་ཡང་མང་པོ་ཡོད་སྟབས། དཔལ་མཛེས་དབང་མོ་ལགས་ཀྱི་འགན་འཁུར་འོག་དང་བླངས་གཞོན་སྐྱེས་ ༧༠ ཙམ་ཡོད་པ་ཚང་མས་གད་སྙིགས་རྣམས་དབྱེ་འབྱེད་སོགས་ཀྱི་ཕྱག་ལས་གནང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་དུས་ནམ་ཞིག་ཞབས་སོར་འཁོད་ཚེ་བོད་མི་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་སྩལ་ལམ་ཡོད་པ་བཞིན། འདི་ཚེས་ ༢༦ ཉིན་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་དུ་ལ་དྭགས་སུ་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།