༸གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

2023.10.25
༸གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༣།༡༠།༢༥ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་ཆིབས་བསྒྱུར་བསྐྱངས་ཏེ། དྷ་ས་རིགས་སློབ་མ་ལག་གཉིས་དང་། སེར་བྱེས་ཧར་གདོང་ཁང་ཚན། བོད་མིའི་ཚོང་ལས་བདེ་ཚོགས། དེ་བཞིན་གཙང་སྟོད་ལྷ་ངམ་ཕུན་གསུམ་སྟེ། ལྷ་རྩེ་རྫོང་། ངམ་རིང་རྫོང་། ཕུན་ཚོགས་གླིང་རྫོང་བཅས་ཐུན་མོང་ནས་མགོན་པོ་གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་སོང་། ད་རེས་བརྟན་བཞུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་བཞིན་དམིགས་བསལ་བཀའ་སློབ་སྩལ་མ་སོང་།

ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བའི་སྔོན་འགྲོའི་ཆོ་ག་ཁག་ཅིག་ཁ་སྔོན་ཕྱི་ཚེས་ ༡༩ ནས་བཟུང་བདུན་ཕྲག་གཅིག་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་༸སྐུ་ཚབ་ཏུ་སེར་བྱེས་ཧར་གདོང་ཁང་ཚན་གྱི་ཀེའུ་ཚང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་ཞག་མཛད་འདུག་ཅིང་། བརྟན་བཞུགས་དངོས་གཞིའི་སྐབས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། བརྟན་བཞུགས་གྲུབ་མཚམས་སུ། སེར་བྱེས་ཧར་གདོང་ཁང་ཚན་གྱི་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ནི་སྐུ་ཚེའི་བར་ཆད་ཞི་བར་དམིགས་བསལ་ནུས་པ་ཡོད་པ་འགྲེལ་བརྗོད་གནང་བྱུང་། 

ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཀྱི་འབུལ་རྫས་གཙོ་བོ་ནི་སྐུ་གསུང་ཐུགས་རྟེན་མཚོན་ཆེད་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་འདྲ་སྐུ་དང༌གསུང་རབ་གླེགས་བམ། མཆོད་རྟེན་བཅས་དང་། དེ་བཞིན་འབྲུ་རིགས་སྣ་ལྔ་དང་རིན་ཆེན་སྣ་ལྔ། བཀྲ་ཤིས་རྫས་བརྒྱད་སོགས་འདེགས་འབུལ་ཞུས་འདུག་ཅིང་། གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་མཁྱེན་རབ་མཐར་ཕྱིན་ལགས་ཀྱིས། བོད་ནང་ལྷ་རྩེ་རྫོང་། ངམ་རིང་རྫོང་། ཕུན་ཚོགས་གླིང་བཅས་རྫོང་གསུམ་ལ་ཐུན་མོང་མ་ཡིན་པའི་མཆོད་བརྟེན་རེར་ཡོད་པ་དེ་དག་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་སླད་འདེགས་འབུལ་ཞུས་ཡོད་པ་གསུངས་བྱུང་། 

ཡང་སྐབས་དེར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས། ད་རེས་བརྟན་བཞུགས་ཐོག་ཚོགས་ལས་བདེ་ཚོགས་ཀྱི་ཚོགས་མི་ ༦༠ ཙམ་ཞིག་ལྷན་ཞུགས་གནང་ཡོད་པ་ངོ་སྤྲོད་གནང་བ་དང་སྦྲགས། ༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བརྟན་རྒྱུ་ནི་བོད་མི་ཙམ་མིན་པར། འཛམ་གླིང་སྤྱིའི་ཞི་བདེ་དང་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིགས་སློབ་མ་ལག་གཉིས་ཀྱི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས། རིགས་ལམ་སློབ་གཉེར་ཁང་དབུ་བརྙེས་ཏེ་འདི་ལོར་ལོ་ངོ་ ༥༠ འཁོར་གྱི་ཡོད་པ་དང་། ས་རཱ་མཐོ་སློབ་དབུ་བརྙེས་ཏེ་ལོ་ངོ་ ༢༥ འཁོར་གྱི་ཡོད་པ་དང་སྟབས་བསྟུན་ནས། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་ད་རེས་བརྟན་བཞུགས་ཐོག་སེར་བྱེས་ཧར་གདོང་ཁང་ཚན་ནས་དགེ་བཤེས་ ༣༠ ཙམ་ཞིག་ལྷན་ཞུགས་ཀྱིས། བརྟན་བཞུགས་ཀྱི་སྒྲུབ་ཞག་ཁག་གནང་འདུག་ཅིང་། ཁང་ཚན་དེ་ཉིད་ཀྱི་དགེ་བཤེས་བློ་བཟང་ལྷུན་གྲུབ་ཀྱིས། ད་རེས་༸གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་ཧ་ཅང་གི་ངོ་མཚར་ཆེ་ཞེས་གསུང་གི་འདུག 

གཞན་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གསལ་བསྒྲགས་གནང་བར་གཞིགས་ན། རིང་མིན་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་འབྲེལ་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎