༧གོང་ས་མཆོག་གིས་རྒྱ་གར་གྱི་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ།

གཞོན་སྐྱེས་ཚོ་ནི་དུས་རབས་༢༡་པའི་མི་རབས་ཡིན་སྟབས་དུས་རབས་འདི་བདེ་སྐྱིད་ལྡན་པ་བཟོ་རྒྱུར་ལས་འགན་ཡོད་པ་༧གོང་ས་མཆོག་གིས་གསུངས་བ།

༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་Chennaནང་གི་བཟོ་རྩལ་རིག་གནས་ཀྱི་གཙུག་ལག་སློབ་གྲ་ཆེན་མོར་ཕེབས་སྐབས། ༢༠༡༥།༡༡།༡༠ Tenzin Choejor/OHHDL

གཞོན་སྐྱེས་ཚོ་ནི་དུས་རབས་༢༡་པའི་མི་རབས་ཡིན་སྟབས་དུས་རབས་འདི་བདེ་སྐྱིད་ལྡན་པ་བཟོ་རྒྱུར་ལས་འགན་ཡོད་པ་༧གོང་ས་མཆོག་གིས་གསུངས་བ།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ས་ཕྱི་ཚེས་༡༠་ཉིན་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་Chennaiནང་གི་བཟོ་རྩལ་རིག་གནས་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་དགེ་ལས་སློབ་ཕྲུག་དང་། མི་མང་༨༠༠༠ལྷག་ལ་བྱམས་དང་སྙིང་རྗེའི་སྐོར་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག ཐོག་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧མགོན་པོ་གང་ཉིད་ནས་ཐུགས་འགན་གཙོ་བོ་གསུམ་བཞེས་ཀྱི་ཡོད་པའི་སྐོར་བཀའ་སྩལ་བ་དང་། འགྲོ་བ་མིའི་མི་རིགས་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྡལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། དུས་རབས་ཉི་ཤུ་པའི་ནང་བཟོ་རྩལ་རིག་གནས་ཡར་རྒྱས་ཆེན་པོ་ཕྱིན་མིན་ལ་མ་ལྟོས་པར་དུས་རབས་དེའི་ནང་དམག་འཁྲུག་དང་གདོང་གཏུགས་མང་པོ་བྱུང་བའི་སྐོར་ནན་བརྗོད་མཛད་པ་དང་། རྒྱ་གར་གྱི་བཟོ་རྩལ་རིག་གནས་ཀྱི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་ཕྲུག་གཞོན་སྐྱེས་ཚོ་ནི་དུས་རབས་༢༡་པའི་མི་རབས་ཡིན་སྟབས་དུས་རབས་འདི་བདེ་སྐྱིད་ལྡན་པའི་དུས་རབས་བཟོ་རྒྱུར་ལས་འགན་ཡོད་སྟབས། ཀུན་ཁྱབ་འགན་འཁུར་གྱི་བསམ་ཤེས་དང་ཆོད་སེམས་བརྟན་པོ་དགོས་པ་དེ་དག་ཡོད་ན་འཛམ་གླིང་འདིར་འགྱུར་བ་ཞིག་གཏོང་ཐུབ་ངེས་ཡིན་སྐོར་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་རྒྱ་གར་ནང་ཆོས་ལུགས་འདྲ་མིན་ཡོངས་རྫོགས་ཞི་བདེ་མཉམ་གནས་ཡོད་པར་བསྔགས་བརྗོད་མཛད་པ་དང་དུས་མཚུངས་༧མགོན་པོ་གང་ཉིད་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཀྱི་བང་ཆེན་ཞིག་ཡིན་པ་མ་ཟད། འདས་པའི་ལོ་༥༠་ལྷག་རིང་རྒྱ་གར་གྱི་རྡ་ལི་དང་རྒྱ་གར་གྱི་བག་ལེབ་བཞེས་ནས་སྐུ་འཚོ་བཞུགས་དང་། སྐུ་ཚེའི་དུས་ཡུན་མང་བ་རྒྱ་གར་ནང་བསྐྱེལ་གནང་སྟབས་མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཞིག་ཡིན་པ་དགོངས་ཀྱི་ཡོད་ལ་ཡང་མགོན་པོ་གང་ཉིད་རྒྱ་གར་གཞུང་མང་གཉིས་ཀྱི་སྐུ་མགྲོན་དུས་ཡུན་རིང་ཤོས་དེ་ཡིན་ལུགས་ཀྱང་བཀའ་གནང་འདུག
༧གོང་ས་མཆོག་གིས་བོད་དེ་བཞིན་འཛམ་གླིང་གི་སྣེ་གསུམ་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པས། གལ་ཏེ་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆགས་ཕྱིན་པ་ཡིན་ཚེ་དེ་ཡིས་བོད་མི་ཁོ་ན་མ་ཡིན་པར་རྒྱ་ནག་དང་རྒྱ་གར་གཙོས་པའི་ཁྱིམ་ཚེས་རྒྱལ་ཁབ་ཀྱི་མི་མང་འབོར་ས་ཡ་མང་པོར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པས་བོད་ཀྱི་ཁོར་སྲུང་སྐྱོབ་བྱ་རྒྱུ་གལ་ཆེ་ཡིན་སྐོར་སོགས་བཀའ་སྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།
ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org