དགེ་འདུན་པ་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས།


2016.12.21
དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་སྟེ་མི་ལོ་དྲུག་བརྒྱ་འཁོར་བའི་དུས་སྟོན་གྱི་མཛད་སྒོ། ༢༠༡༦།༡༢།༢༡ དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་སྟེ་མི་ལོ་དྲུག་བརྒྱ་འཁོར་བའི་དུས་སྟོན་གྱི་མཛད་སྒོ། ༢༠༡༦།༡༢།༢༡
འཇིགས་མེད་སྙན་གྲགས།/RFA

བོད་མི་ཚོས་རྒྱབ་མདུན་ངོ་ལྐོག་མེད་པའི་ཐོག་ནས་ཧུར་སྐྱེད་བྱེད་དགོས་བ་༧གོང་ས་མཆོག་གིས་གདན་ས་འབྲས་སྤུངས་ནས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ཚོས་བསླབ་པ་སློབ་གཉེར་ཚུལ་བཞིན་བྱེད་དེ། ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཕྱི་ཟླ་༡༢་ཚེས་༢༡་ཉིན་དཔལ་ལྡན་འབྲས་སྤུངས་དགོན་པ་ཕྱག་བཏབ་སྟེ་མི་ལོ་དྲུག་བརྒྱ་འཁོར་བའི་དུས་སྟོན་གྱི་མཛད་སྒོའི་ཐོག་བཀའ་གནང་ཡོད་པ་རེད།
དུས་སྟོན་དེ་བཞིན་རིམ་པ་གཉིས་ཀྱི་ཐོག་ནས་གནང་བ་དང༌། སྔ་ཐོག་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་ནང་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ཁྲི་ཟུར་རིན་པོ་ཆེ། ཤར་བྱང་ཆོས་རྗེ་རྣམ་གཉིས། མཁན་ལས་ཟུར་རྣམ་པ་དང་དགེ་བའི་བཤེས་གཉེན་པ་རྣམས། དེ་བཞིན་འབྲས་སྤུངས་ཀྱི་དགེ་འདུན་པ་མང་ཚོགས་འདུས་ཅིང་། གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་ཕེབས་སྤྱན་འདྲེན་གྱི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་ཡུན་དུ་བརྟན་པའི་མདོ་ལུགས་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྐབས་དེར་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དང་བརྒྱད་བར་ངེས་པར་༧སྐུ་འཚོ་ཞུགས་དགོས་པའི་ཞུ་སྐུལ་ནན་པོ་གནང་ཡོད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་བཀའ་གནང་ཡོད་པ་རེད། སྔ་ཐོག་གི་མཛད་སྒོ་དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མའི་སྐུ་ཚེ་བརྟན་དང་མ་བརྟན་ནི་འདུལ་བྱ་རྗེས་མཇུག་པ་ཚོས་ཧུར་ཐག་བྱེད་མིན་ལ་རག་ལུས་ཡོད་སྟབས། རྒྱབ་མདུན་ངོ་ལྐོག་མེད་པའི་ཐོག་ནས་ཧུར་བསྐྱེད་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་རེད།
མཛད་སྒོ་རིམ་པ་གཉིས་པའི་ཐོག་གོང་གི་བླ་སྤྲུལ་དགེ་བཤེས་རྣམ་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ། ཆོས་རིག་དང་ཤེས་རིག་བཀའ་བློན། ཀར་ཝར་རྫོང་གི་རྫོང་དཔོན་དང་གཞན་ཡང་གློག་བརྙན་འཁྲབ་སྟོན་པ། སློབ་ཕྲུག་དང་མི་དམངས་ཁྱོན་ཆེ་འདུ་འཛོམས་བྱུང་བའི་ཐོག དགའ་ལྡན་ཁྲི་རིན་པོ་ཆེའི་ཕྱག་ནས་དགེ་ལུགས་རྒྱུགས་སྤྲོད་མཐར་སོན་པའི་ལྷ་རམ་པའི་གཙོས། སློབ་དཔོན་དང་བཀའ་རམ་པ་བཅས་ཀྱི་རྒྱུགས་སྤྲོད་ཐོན་པ་བདུན་བརྒྱ་ལྷག་ལ་སློབ་ཐོན་ཕྱག་འཁྱེར་གསོལ་སྩལ་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཁག་གི་ནང་བསླབ་པ་སློབ་གཉེར་བྱེད་པའི་དམིགས་ཡུལ་མཐར་ཐུག་ལག་འཁྱེར་བླངས་རྒྱུ་དེ་མིན་པར། ཐོས་བསམ་སྒོམ་གསུམ་ཡ་མ་གྲལ་བའི་ཐོག་ནས་ཉམས་ལེན་བྱ་རྒྱུ་དེ་ཡིན་པ་བཀའ་གནང་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་ཀྱང་ན་ལེནྜ་དེ་ལོ་ཆིག་སྟོང་རིང་གནས་པའི་ལོ་རྒྱུས་ཡོད་པ་དང་། གདན་ས་ཆེན་པོ་འབྲས་སྤུངས་འདི་ཉིད་ལོ་ཆིག་སྟོང་གཉིས་བརྒྱའི་བར་གནས་ཐུབ་རྒྱུའི་ཆོད་སེམས་དགོས་པ་གསུངས་ཡོད་པ་རེད། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཡིད་ལ་བཅངས་ཤིང་། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བཀའ་དགོངས་གྲུབ་དགོས་པ་བཀའ་གནང་ཡོད་པ་རེད།
དཔལ་ལྡན་ན་ལེནྜ་གཉིས་པ་ཞེས་འབོད་པའི་འབྲས་སྤུངས་དགོན་པ་ནི་ཕྱི་ལོ་༡༤༡༦་ལོར་རྗེ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལྡན་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་ཞིང་། ཁོང་ནི་རྗེ་བླ་མ་ཙོང་ཁ་ཆེན་པོ་མཆོག་གི་ཐུགས་སྲས་བཞིའི་ཁོངས་ནས་གཅིག་ཡིན་པ་རེད།
ཡང་དེ་རིང་ཀར་ཊ་ཀའི་གཞུང་གི་བཀའ་ཁྲོལ་འོག་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་ས་ཞིག་ཨེ་ཀར་བཞི་བརྒྱ་ལྷག་ཡོད་པ་དེ་དག་འབྱུང་རྒྱུར་གྱི་ལོ་ངོ་ཉི་ཤུའི་རིང་བོད་མི་ཚོར་སྔ་གཡར་གནང་རྒྱུའི་ཁྲིམས་དོན་གྱི་ཡིག་ཆར་ཀར་ཝར་རྫོང་གི་རྫོང་དཔོན་དང་མོན་གྷོ་འདོད་རྒུ་གླིང་གི་གཞིས་འགོ་ཀརྨ་ལགས་གཉིས་ཀྱིས་མིང་རྟགས་སྐྱོན་ཡོད་པ་རེད།
ཕྱི་ཚེས་༢༢་ཉིན་བོད་ཀྱི་ལོ་རྒྱུས་ནང་གི་ཐོག་མའི་དགེས་བཤེས་མ་ཉི་ཤུ་ཐམ་པར་ལག་འཁྱེར་གསོལ་སྩལ་དང་། མོན་གྷོ་འདོད་རྒུ་གླིང་གི་གཏན་ཉིན་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་གྱི་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎