༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་བདེ་བར་འཁོད་སོང་།


2015.02.03
༧གོང་ས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཞབས་སོར་འཁོད་བཞིན་པ། ༢༠༡༥།༢།༣ ༧གོང་ས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཞབས་སོར་འཁོད་བཞིན་པ། ༢༠༡༥།༢།༣
ཀླུ་འབུམ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཞབས་སོར་བདེ་བར་འཁོད་སྐབས་ས་གནས་བོད་མི་དང་ཕྱི་ནང་མི་མང་གིས་ཕེབས་བསུ་གཟབ་རྒྱས་གནང་སོང་།
དེ་ཡང་དེ་རིང་ཕྱི་ཟླ་༢ཚེས་༣ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཁུལ་གྱི་རྒྱལ་སྤྱིའི་Dullasགནམ་ཐང་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་Peter A Selfridgeམཆོག་དང་། རྒྱ་གར་གྱི་གཞུང་ཚབ་ཆེན་མོའི་དྲུང་ཆེ་Satish Kumar བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དབུས་པའི་ཆེས་མཐོའི་མི་སྣ་རྣམས་ཕེབས་བསུར་བཅར་བ་དང་། བཞུགས་གནས་མགྲོན་ཁང་མདུན་ཨ་རི་གཞུང་གིས་བདེ་འཇགས་སྲུང་བྱ་དམ་པོའི་ཐོག་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མི་དང་ཐག་ཉེའི་ས་གནས་ཁག་བཅས་ནས་བོད་མི་དང་ཕྱི་ནང་དད་ལྡན་པ་མང་པོས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། ཨ་རིའི་དོན་གཅོད་ལས་བྱེད་ཀུན་དགའ་ལགས་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ཚེས་༤ཉིན་༧གོང་ས་མཆོག་རྒྱལ་སྤྱིའི་གུང་སྟོན་གསོལ་ཚིགས་སུ་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་པ་དང་། དགུང་སྟོན་གསོལ་ཚིགས་དེ་ལ་སྐུ་མགྲོན་འདྲ་མིན་ཆིག་སྟོང་ཙམ་མཉམ་ཞུགས་གནང་གི་ཡོད་པ་རེད།
ཚེས་༥ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་གྲ་སྒྲིག་གནང་བའི་ལོ་གཅིག་ཐེངས་གཅིག་གི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ལ་གདན་ཞུས་ལྟར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ལྷན་བཞུགས་གནང་གི་ཡོད་པ་དང་། ལོ་གཅིག་ཐེངས་གཅིག་གི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ནི་གྲོས་ཚོགས་གོང་མའི་འཐུས་མི་Bob Caseyདང་། Roger Wickerཐུན་མོང་ནས་གཙོ་སྐྱོང་གནང་གི་ཡོད་པ་དང་། རྒྱལ་ཁབ་འདྲ་མིན་ནས་སྐུ་མགྲོན་མི་གྲངས་༣༥༠༠ཙམ་ཕེབས་ཀྱི་ཡོད་པ་རེད།
དེ་བཞིན་ཉིན་དེར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་མི་རི་ཀའི་ཁ་ཆེའི་སྤྱི་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ལྷན་དུ་"བྱ་སྤྱོད་ངོ་མའི་ཐོག་གི་ཞབས་ཞུ།"ཞེས་པའི་བརྗོད་གཞིའི་ཐོག་ཕན་ཚུན་བཀའ་བསྡུར་གནང་རྒྱུ་ཡིན་འདུག
༧གོང་ས་མཆོག་གིས་ད་ཐེངས་ཨ་རིའི་ནང་གི་དུས་ཐུང་མཛད་འཕྲིན་ལེགས་པར་གྲུབ་རྗེས་ཆིབས་ཞབས་ལྷན་རྒྱས་ཨ་རི་ནས་སུད་སིར་ཕེབས་ཐོན་གནང་གི་ཡོད་པ་རེད།
ཐེངས་འདིའི་ཆིབས་སྒྱུར་ནི་༧གོང་ས་མཆོག་ཕྱི་ལོ་༢༠༡༥ལོར་ཨ་རིར་ཆིབས་བསྒྱུར་གནང་བ་ཐེངས་དང་པོ་དེ་ཡིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎