༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།

2023.08.28
༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ། ༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པའི་སྐབས། ༢༠༢༣།༠༨།༢༨ ཉིན།
RFA

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆིབས་བསྒྱུར་གྱིས་ཉི་མ་བཞི་བཅུ་ལྷག་རིང་དེ་གར་བཞུགས་གདན་འཇགས་ཏེ། བསྟན་འགྲོའི་དོན་ཆེན་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ནས། ཕྱི་ཟླ་༨པའི་ཚེས་༢༨ཉིན་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། གསར་འགོད་པ་ཚོར་མགོན་པོ་གང་ཉིད་༧སྐུ་གཟུགས་གསལ་ཐང་ཡིན་པ་དང་། བསྟན་འགྲོའི་དོན་གང་འཚམ་བསྒྲུབས་ཐུབ་པར་བྱུང་ཞེས་བཀའ་སྩལ་བ། 

སྐབས་དེར་ཕེབས་བསུ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་སོགས་ཕེབས་ཡོད་པ་མ་ཟད། གནམ་ཐང་ནས་༸རྒྱལ་བའི་ཕོ་བྲང་བར་དུ་རྒྱལ་སྒོ་འདྲ་མིན་བརྒྱབས་ཏེ་ཕེབས་ལམ་གཡས་གཡོན་དུ་མི་མང་སྟོང་ཕྲག་མང་པོས། ལག་ཏུ་དཀར་གཙང་ཁ་བཏགས་དང་དྲི་ཞིབ་གདུག་སྤོས་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་ཡོད་ཅིང་། ཕེབས་བསུ་ལ་བཅར་པ་ནུབ་ཕྱོགས་པའི་མི་རིགས་བཙུན་མ་ཆོས་འཛོམས་ལགས་ནས། ༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པར་ཧ་ཅང་དགའ་ཚོར་བྱུང་བ་འགྲེལ་བརྗོད་གནང་དོན། ༧གོང་ས་མཆོག་གིས་ལ་དྭགས་ནང་མཛད་འཕྲིན་བསྐྱངས་ཏེ་ཕྱིར་བཞུགས་སྒར་དུ་ཕེབས་པར་ཧ་ཅང་དགའ་སྤྲོ་བྱུང་བ་དང་། རིང་མིན་མགོན་པོ་གང་ཉིད་ཀྱི་གསུང་ཆོས་མང་དག་ཅིག་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་འབྱུང་རྒྱུ་ཡིན་པར་སྤྲོ་བས་བརྟས་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཡང་ཕེབས་བསུར་བཅར་མཁན་ཁྱུ་གསར་སྨན་པ་སྐལ་ཆོས་ལགས་ནས་ཀྱང་། མགོན་པོ་མཆོག་ལ་དྭགས་སུ་བཞུགས་རིང་གོ་སྒྲིག་ཧ་ལས་པ་ཡག་པོ་གནང་འདུག་པར། ལ་དྭགས་མི་མང་དང་བོད་རིགས་ཚོ་བཅས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་བོད་མི་གཞོན་སྐྱེས་བསྟན་འཛིན་བརྩོན་འགྲུས་ལགས་ནས། ༧གོང་ས་མཆོག་དགུང་ལོ་ཇེ་བགྲེས་སུ་ཕེབས་པ་དང་ཆབས་ཅིག་ཆིབས་བསྒྱུར་གྱི་གོ་སྐབས་ཉུང་དུ་འགྲོ་ཡི་ཡོད་པས། ཚང་མས་མཉམ་རུབ་ཀྱིས་ཕེབས་བསུ་གདན་འདྲེན་ཞུ་གལ་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ཟླ་༧པའི་ཚེས་༡༡ནས་ལ་དྭགས་སུ་ཞབས་སོར་འཁོད་དེ། ལ་དྭགས་གླེའི་ཞི་བ་ཚལ་དུ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བརྟན་བཞུགས་བསྟར་འབུལ། མི་མང་ལ་བཀའ་སློབ་དང་གསུང་ཆོས་བཅས་གནང་བར། ཁྱོན་བསྡོམས་མི་མང་འབུམ་གཉིས་དང་ཁྲི་གསུམ་ལ་ཆོས་འབྲེལ་སྩལ་ཡོད་པ་མ་ཟད། བོད་མི་དང་ལ་དྭགས་ས་གནས་མི་མང་། ཕྱི་རྒྱལ་མི་རིགས་སོགས་ཁྱོན་མི་གྲངས་ཆིག་ཁྲི་ཉིས་སྟོང་བདུན་བརྒྱ་བཅུ་མེད་དྲུག་ལ་དངོས་སུ་མཇལ་ཁ་ཡང་སྩལ་གྲུབ་ཡོད་ཅིང་། ༧གོང་ས་མཆོག་གིས་རིང་མིན་ཕྱི་ཟླ་༩པའི་ཚེས་༥ནས་༦ཉི་མ་གཉིས་རིང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་འཇུག་པའི་བཀའ་ཆོས་བསྩལ་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎