༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོཊ་སུ་ཞབས་སོར་བདེ་འཁོད་གནང་འདུག
2016.12.12

༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་དང་མཇལ་བ་སོགས་ལྡི་ལི་ཁུལ་གྱི་མཛད་འཆར་འགྲུབ་ནས་རྒྱ་གར་ལྷོ་ཕྱོཊ་སུ་ཞབས་སོར་བདེ་འཁོད་གནང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པར་ནབ་མུ་ཁར་ཇི་ Shri Pranab Mukherjeeམཆོག་དང་མཇལ་བ་སོགས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ལེགས་འགྲུབ་ཀྱིས། འདི་ཚེས་༡༢་ཉིན། བྷེང་ལོར་གྲོང་ཁྱེར་བརྒྱུད་རྒྱ་གར་ལྷོ་ཕྱོགས་མེ་སོར་(Mysore)གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་གནད་ཡོད་མི་སྣ་དང་འཐུས་མི་ཚོས་ཕེབས་བསུ་གཟབ་རྒྱས་གནང་འདུག་ལ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་༧གོང་ས་མཆོག་ལ་མཛད་འཆར་སྣ་མང་ཡོད་པ་རེད།
འདི་ཚེས་༡༡་ཉིན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་། རྒྱ་གར་གྱི་སྲིད་འཛིན་Pranab Mukherjee་སོགས་གནད་ཡོད་མི་སྣ་རྣམས་སྲིད་འཛིན་ཕོ་བྲང་ནང་ཕྲུ་གུ་མང་པོའི་མཉམ་དུ་ལྷན་འཛོམས་གནང་སྟེ། དབུལ་ཞིང་ཕོངས་པའི་ལོ་ཆུང་བྱིས་པ་ཚོའི་བདེ་དོན་གོང་སྤེལ་གནང་རྒྱུའི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག
ད་དུང་ཉིན་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཊུ་ཤི་ཏ་སྒོམ་སྒྲུབ་བསྟི་གནས་ཁང་གིས་གོ་བསྒྲིགས་འོག་དུས་སྟོན་མཛད་སྒོ་ཞིག་ཚོགས་གནང་བ་དེར་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་དེར་ཞབས་སོར་འཁོད་མཚམས་སུ། བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་Renuka Singh་སོགས་འབྲེལ་ཡོད་ཁག་གཅིག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་Aruna Vasudev་ཡིས་ཕྱོགས་བསྒྲིགས་འདོན་སྤེལ་གནང་བའི་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་། Mohini Noon་ཡིས་ཕྱོགས་བསྒྲིགས་གནང་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐོར་གྱི་དཔེ་དེབ་དེ་གཉིས་དབུ་འབྱེད་མཛད་གནང་བ་དང་ཆབས་ཅིག་དེར་འདུས་མི་མང་རྣམས་ལ་འགྲོ་བ་མི་རིགས་གཅིག་གྱུར་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་དར་སྤེལ་མཛད་རྒྱུ་མ་ཟད། མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་ཆོས་དང་། རིག་གཞུང་། ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་མཛད་རྒྱུའི་ཐུགས་འགན་ཡོད་སྐོར་བཀའ་བསྩལ་གནང་ཡོད་པ་རེད། ཡང་༧གོང་ས་མཆོག་གིས་འདས་པའི་མི་ལོ་༣༠་རིང་དེང་དུས་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་ལྷན་བགྲོ་གླེང་མཛད་པའི་བརྒྱུད་རིམ་སྐོར་བཀའ་སློབ་བསྩལ་བ་དང་འབྲེལ་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་སྐོར་ཤེས་རྟོགས་ཐུབ་ཚུལ་དང་། དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཡིན་སྟབས་དཀའ་ངལ་དེ་དག་སེལ་ཐབས་དང་སེལ་ཐུབ་པའི་ནུས་པ་དེ་ཡང་མི་ལ་ཡོད་པ་དང་། དུས་རབས་༢༡་འདི་དེ་སྔ་དུས་རབས་༢༠་ནང་བཞིན་འཚེ་བའི་དུས་རབས་མུ་མཐུད་ནས་འགྲོ་རྒྱུ་ལས་ལྡོག་སྟེ་འཚེ་མེད་ཞི་བའི་དུས་རབས་ཤིག་སྐྲུན་ཐབས་ཆེད་ཚང་མས་འབད་བརྩོན་གནང་གལ་ཆེན་པོ་ཡིན་པའི་སྐོར་དང་། དེ་བཞིན་ཡང་༧གོང་ས་མཆོག་གིས་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་རྒྱ་གར་གྱི་གནའ་རབས་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ངང་གནས་རྒྱུ་མ་ཟད། ཆོས་ཁས་ལེན་མི་བྱེད་མཁན་ཚོ་ལའང་གུས་བཀུར་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན་དང་། སེང་གེ་རི་བསོད་ནམས་ལྷ་མོ། གུ་རུ་ཆོས་སྐྱིད། བོད་རྒྱལ།