སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་འདོན་གསུང་དབྱངས་རོལ་མོར་སྦྱར་བའི་ཆེད་སྒྲིག་འོད་སྡེར་ཐོག་མ་ད་ལོའི་འཁྲུངས་སྐར་དུས་ཆེན་ཉིན་འགྲེམས་སྤེལ་ཞུ་འཆཪ་འདུག
དེ་ཡང་ནིའུ་ཛྰ་ལེན་ཌེའི་དངུལ་ཁང་ནང་ལས་ཀ་བྱེད་མཁན་(Junelle Kunin)་ཞུ་བ་ཁོང་རང་རྣམ་ཀུན་ལས་ཀ་བྱེད་སར་སེམས་སྡུག་གི་དཀའ་ངལ་འཕྲད་པ་དེ་ཚོ་སེལ་ཆེད་དུ། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་གསུང་ཆོས་ཞལ་འདོན་གསུང་དབྱངས་དང་རོལ་དབྱངས་ཟུང་སྦྲེལ་གྱིས་སེམས་ཀྱི་དཀའ་ངལ་སེལ་ཐབས་དང་། ལས་དོན་ག་རེའི་ཐོག་ལ་ཡིན་ཡང་རྣོ་སེམས་སྒྲིམ་ཐུབ་པའི་ནུས་ལྡན་གྱི་ཞལ་འདོན་དང་རོལ་དབྱངས་ཟུང་སྦྲེལ་དུ་ཡོད་པ་དེ་འདྲ་ཞིག་ཕབ་བསྐྲུན་བྱེད་འཆར་ལ་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཞུས་ཀྱང་དང་ཐོག་བཀའ་ཁྲོལ་ཐོབ་མེད་པ་རེད། འོན་ཀྱང་ཁོང་རང་༢༠༡༥་ལོར་རྒྱ་གར་དུ་བསྐྱོད་སྐབས། སླར་ཡང་སྐུ་སྒེར་ཡིག་ཚང་བརྒྱུད་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས་སྐྱབས་འཇུག་ཞུས་བར་བཀའ་ཁྲོལ་ཐོབ་ཡོད་འདུག (Kunin)་ལགས་ཀྱིས་གསུང་ན། སྐབས་དེར་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་རོལ་དབྱངས་ཀྱིས་མིའི་སེམས་ལ་བདེ་བ་སྤྲོད་རྒྱུར་ཕན་ཐོག་ཡོད་པ་བཀའ་ལན་ཕེབས་སོང་བས། གང་གི་ཐུགས་བསྐྱེད་བཟང་པོ་འཛམ་གླིང་འདི་རུ་འཁྲུངས་པའི་རང་བཞིན་ད་ལོ་༧གོང་ས་མཆོག་དགུང་གྲངས་༨༥་ཕེབས་པའི་སྐུའི་འཁྲུངས་སྐར་སྤྱི་ཟླ་༧་པའི་ཚེས་༦་ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་འདོན་གསུང་དབྱངས་རོལ་མོར་སྦྱར་བའི་འོད་སྡེར་ཐོག་མ་དེ་འགྲེམ་སྤེལ་གནང་རྒྱུ་ཡིན་པ་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་འདོན་གསུང་དབྱངས་རོལ་མོར་སྦྱར་བའི་འོད་སྡེར་ཐོག་མ་དེར་གསུང་ཚིག་གི་རོལ་དབྱངས་དུམ་མཚམས་༡༡་ཡོད་པ་དང་། དེ་དང་མཉམ་དུ་བརྗོད་བྱ་འཁོད་པའི་དེབ་ཆུང་ཞིག་ཀྱང་ཡོད་པ་རེད་འདུག འོད་སྡེར་དེའི་ནང་རྒྱ་གར་བའི་སི་ཐཱ་རོལ་དབྱངས་དཀྲོལ་གཏོང་མཁས་ཅན་(Ravi Shankar)་གི་སྲས་མོ་(Anoushka Shankar)་གིས་ཀྱང་ཨ་མ་ལགས་ཞེས་པའི་རོལ་དབྱངས་ཤིག་ཀྱང་དཀྲོལ་གཏོང་གནང་ཡོད་པ་དང་། དེ་བཞིན་རོལ་དབྱངས་གཏོང་མཁན་གྲགས་ཅན་མང་པོ་མཉམ་ཞུགས་བྱས་ཡོད་པས་དེའི་ཡོང་འབབ་སོགས་ཨ་རིའི་(Emory University)་གཙུག་ལག་སློབ་ཆེན་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་མཛད་པའི་སྤྱི་ཚོགས་དང་སེམས་ཚོར། བཟང་སྤྱོད་ཤེས་ཡོན་གོང་སྤེལ་དང་སེམས་དང་སྲོག་གི་ཉམས་ཞིབ་ལས་དོན་སོགས་ཀྱི་ཐད་གནང་རྒྱུ་ཡིན་པ་རེད་འདུག
0:00 / 0:00