༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་གང་སར་སྲུང་བརྩི་གནང་བ།
༧གོང་ས་མཆོག་ཐུགས་ཕམ་འགྱུར་གཞིའི་རིཊ་གཏན་ནས་མི་ཡོང་བ་དང༌རྡོག་རྩ་ཆིག་སྒྲིལ་ལ་འབད་བརྩོན་བྱ་རྒྱུ་བཀའ་ཤག་ནས་གསུངས་འདུག
-
2016-07-06 -
-
-
༧གོང་ས་མཆོག་ཐུགས་ཕམ་འགྱུར་གཞིའི་རིཊ་གཏན་ནས་མི་ཡོང་བ་དང༌རྡོག་རྩ་ཆིག་སྒྲིལ་ལ་འབད་བརྩོན་བྱ་རྒྱུ་བཀའ་ཤག་ནས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན། བཞུགས་སྒར་གཙོས་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་གང་སར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། གཙོ་བོ་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་པར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དབུ་བཞུགས་ཐོག་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད།
ཕྱི་ལོ་༢༠༡༦་ཟླ་༧་ཚེས་༦་ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག ཕྱིི་ལུགས་ལྟར་དགུང་གྲངས་༨༡་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བཞུགས་སྒར་ལྷ་རྒྱལ་རིར་བོད་མི་སེར་སྐྱ་ཡོངས་ནས་སྐུ་རླུང་དར་འཛུགས་དང་། དར་ཆེན་བསྒྲེངས་འཛུགས། ༧གོང་ས་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནང་སྟེ་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ། ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་གནང་འདུག
དངོས་གཞིའི་གཞུང་འབྲེལ་མཛད་སྒོ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་དང་། སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། གཞན་ཡང་སྐུ་མགྲོན་རྣམས་བཅས་ལྷན་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་གནང་འདུག
མཛད་སྒོའི་ཐོག་སྲིད་ཚབ་མཆོག་གིས། ༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་མཛད་རིམ་བཞིན་ཚོགས་གནང་བ་དང་། སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཉིན་བཀའ་ཤག་གི་གསུང་བཤད་གནང་བའི་ནང་། ཉེ་འཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་མཛད་སྐབས་སྲིད་འཛིན་མཆོག་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག བོད་ནང་འགྲོ་བ་མིའི་ཐོབ་ཐང་བཅས་པ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཡོད་པ་དང༌། ༧གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱབ་སྐྱོར་ཞུས་ཡོད་པ་རེད།
ད་དུང་བཀའ་ཤག་གི་གསུང་བཤད་ནང་། རྒྱལ་སྤྱིའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་དང་གུས་བརྩི་ཆེ་མཐོང་ཆེན་པོ་ཞུ་བཞིན་ཡིན་པ་དང་། ༧གོང་ས་མཆོག་གིས་སྐུ་ངལ་ལ་མ་འཛེམས་པར་འཛམ་གླིང་ས་ཕྱོགས་གང་སར་ཞབས་སོར་འཁོད་ནས་ཞི་བདེའི་དུས་རབས་སྐྲུན་ཐབས་སུ་འཛམ་གླིང་གཅིག་དང༌། འགྲོ་བ་མི་གཅིག་གྱུར། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ལ་སེམས་འཁུར་དགོས་པ་དང༌། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དགོས་པ་སོགས་ཀྱི་བཀའ་སློབ་གནང་བའི་མཛད་རྗེས་ལ་བརྟེན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་གཙོས། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་བྱ་དགའ་དང༌། ཇོན་ཊེམ་པལ་ཊོན་གཟེངས་རྟགས་སོགས་ཆེ་བསྟོད་དང་གཟེངས་རྟགས་༡༥༢་བརྒལ་བ་འབུལ་བཞེས་མཛད་ཡོད་ལུགས་གསུངས་འདུག
ཡང་བཀའ་ཤག་གི་གསུང་བཤད་ནང་། ཨ་རིའི་སྲིད་འཛིན་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་ལ་བརྟེན་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས་སུ། བཀའ་ཤག་ནས་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་གནང་འདུག
ད་དུང་མུ་མཐུད་དུ། དེ་རིང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཉིན་མོར་བཀའ་ཤག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འགྱུར་གཞིའི་རིགས་གཏན་ནས་མི་ཡོང་བ་དང༌། རང་ཅག་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནས་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་པར་མ་ཟད། མང་ཚོགས་ནས་ཀྱང་ཆིག་སྒྲིལ་གྱི་གོང་བུའི་ནུས་སྟོབས་དང་བོད་མིའི་སྤྱི་མཐུན་བསོད་ནམས་གོང་ནས་གོང་དུ་འཕེལ་ཆེད་འགན་འཁུར་ཆེ་བཞེས་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐུའི་འཁྲུངས་སྐར་ལ་ཕུལ་བའི་འཚམས་འདྲིིའི་གསུངས་བཤད་ནང་། རྒྱ་དམར་གྱིས་བོད་ནང་བཙན་འཛུལ་བྱས་སྟེ་བོད་ཀྱི་ཆབ་སྲིད་གནས་སྟངས་ཧ་ཅང་ཛ་དྲག་དང་དཀའ་ངལ་ཅི་ཆེའི་གནས་སུ་ལྷུང་བའི་ཉག་ཕྲ་བའི་སྐབས་ནས་བཟུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ནས་བཟུང་ད་བར་སྐྱེ་འགྲོ་སྤྱི་དང་། བོད་ལྗོངས་ཡོངས་ཀྱི་བདེ་དོན་ཁོ་ནར་སྐུ་ལས་འཛེམས་མེད་ཀྱི་མཛད་རྗེས་ལ་བཀྲིན་བླ་ན་མེད་པའི་གསོ་བ་སྨོན་ལམ་ཕུལ་འདུག ལྷག་པར་དུ་བོད་མི་སྐྱབས་བྱོལ་དུ་འབྱོར་རྗེས། ༧གོང་ས་མཆོག་གི་ཐུགས་དགོངས་དང་བཀྲིན་ལམ་སྟོན་འོག རྒྱ་གར་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྨང་གཞི་གསར་འཛུགས་ཀྱིས། མང་གཙོའི་ལམ་བཟང་དུ་བསྒྱུར་གནང་མཛད་པ་དང་། བཙན་བྱོལ་ནང་བོད་མི་ཆོས་དང་རིག་གཞུང་གང་གི་ཐད་ནས་ཉམས་མེད་རྒྱུན་འཛིན་ཐུབ་པ་དང་ཆབས་ཅིག་བོད་མིའི་སྤྱི་ཚོགས་སྲ་བརྟན་ཆེད་ གཞིས་ཆགས་དང་། སློབ་གྲྭ ལག་ཤེས་བཟོ་རིགས་ལ་སོགས་པའི་བོད་མིའི་སྤྱི་ཚོགས་སྲ་བརྟན་གྱི་མཛད་བཟང་ལ་དྲན་སྐུལ་ཞུས་གནང་མཛད་འདུག
བོད་དོན་ཆབ་སྲིད་ཀྱི ཐད་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསུངས་བཤད་ནང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཕྱི་ལོ་ ༡༩༩༧་ཟླ་༩་ཚེས་༡༨་ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་མོས་གྲོས་ཆོད་ལམ་ནས་གཏན་ལ་ཕབ་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ཤིག་ཏུ་གྱུར་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་གཙོས་སྤྱི་སྒེར་གང་ས་ནས་རྒྱབ་སྐྱོར་གང་ལེགས་ཐོབ་བཞིན་པ་མ་ཟད། ལྷག་པར་རྒྱ་ནག་ནང་གི་ཤེས་ཡོན་ཅན་སོགས་མི་སྣ་ཆེས་མང་པོས་དགའ་མོས་རྒྱབ་སྐྱོར་ཐོབ་དང་འཐོབ་བཞིན་ཡོད་པ་སོགས་ནི་མགོན་པོ་གང་ཉིད་ཀྱིས་དེང་གི་དངོས་ཡོད་གནས་སྟངས་དང་བསྟུན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་པ་གཙོར་བཟུང་གནང་བའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད་པ་ནན་བརྗོད་གནང་འདུག
སྲིད་ཚབ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསུམ་ལ་ཞབས་ལོ་༢༥་ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་སུ་ཐོན་པ་ཁག་ཅིག་ལ་གཟེངས་རྟགས་ཕུལ། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཟུར་ཆབ་སྲིད་བཙོན་ཟུར་བློ་བཟང་བསྟན་འཛིན་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་བཙན་གནོན་ལ་རྒོལ་བའི་སྙིང་སྟོབས་བློ་བཟང་བསྟན་འཛིན་ཞེས་པའི་རྒྱ་ཡིག་དཔེ་དེབ་དབུ་འབྱེད་གནང་འདུག
ཡང་མཛད་སྒོའི་ཐོག་བོད་ཀྱི་ཟློས་སྒར་ཚོགས་པ་དང་། རྡ་སྟེང་། རྡ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་བཅས་ནས་གཞས་སྣ་འཁྲབ་སྟོན་གྱི་གཟིགས་འབུལ་ཞུས་བ་དང་བསྟུན། སྲིད་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས། སྐུ་ཞབས་Vijay karan་ལགས་ཀྱིས་རྩོམ་སྒྲིག་གནང་བའི་The Dalai Lama : The Soldier of Peace་ཞེས་པ་ཧིན་དྷིའི་སྐད་ཡིག་ཐོག་བསྒྱུར་གནང་བའི་དཔེ་དེབ་དབུ་འབྱེད་ལ་སོགས་པའི་དཔེ་དེབ་དང་གཞས་སྣའི་འོད་སྡེར་སོགས་དབུ་འབྱེད་གནང་འདུག།
བལ་ཡུལ་ནང་ གཞུང་འབྲེལ་གྱི་ཆོག་མཆན་རག་མིན་ལ་མ་བལྟོས་བར་བོད་མི་དང་ཧི་མ་ལ་ཡའི་ནང་བའི་མི་རིགས་ཚོས། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བཀག་སྡོམ་དང་། བལ་ཡུལ་ཉེན་རྟོག་པས་ས་གནས་གཞིས་འགོ་གཙོས་བོད་མི་༣༠་ཙམ་འཛིན་བཟུང་བྱས་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་ཚེ་དབང་དངོས་གྲུབ།