༧གོང་ས་མཆོག་ལ་ཨ་རིའི་རང་དབང་གི་གཟེངས་རྟགས་འབུལ་རྒྱུ།
2015.10.26
དེ་རིང་ཨ་རིའི་རང་དབང་གི་གཟེངས་རྟགས་༧གོང་ས་མཆོག་ལ་འབུལ་རྒྱུ་སྐུ་ཚབ་རྣམ་པས་བཞེས་གནང་གི་ཡོད་པ་རེད།
དེ་ཡང་ཨ་རིའི་སྙན་གྲགས་ཆེ་བའི་རང་དབང་གཟེངས་རྟགས་(Liberty Medal)ཞེས་པ་དེ་དེ་རིང་ཚེས༢༦ཉིན་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་གྱི་ཡོད་པ་དང་། ༧གོང་ས་མཆོག་གིས་ཕྱི་ཟླ་བཅུ་བའི་ཨ་རིའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ཕྱིར་བསྡུ་གནང་སྟབས་དེ་རིང་གློག་བརྙན་སྒྱུ་རྩལ་འཁྲབ་བསྟོན་པ་གྲགས་ཅན་Richard Gereལགས་དང་། སྐུའི་གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་ལགས། སེམས་དང་སྲོག་གི་ལྟེ་གནས་ཁང་གསར་འཛུགས་གནང་མཁན་དང་ལྟེ་གནས་ཁང་དེའི་ཚོགས་གཙོ་ཡིན་པ་Riche Davidsonལགས་བཅས་སྐུ་ཚབ་རྣམས་ཀྱིས་བཞེས་གནང་རྒྱུ་ཡིན་པ་རེད།
དེ་བཞིན་སྐབས་དེར་ཨ་རིའི་ནང་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་་ཚང་སྐལ་རྡོར་ལགས་ཀྱང་ཆེད་ཕེབས་གནང་རྒྱུ་དང་། རང་དབང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་ཨ་རིའི་Pennsylvania་མངའ་སྡེའི་གྲོང་ཁྱེར་Philadelphiaའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་(National Constitution Center)ཞེས་པའི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་ཚོགས་འཆར་འདུག
༧གོང་ས་མཆོག་ལ་ཆེ་བསྟོད་ཞུ་རྒྱུའི་ཐོག་མར་ཨ་རིའི་སྲིད་འཛིན་ཟུར་པ་George W Bushམཆོག་གིས་བརྙན་པར་བརྒྱུད་ནས་གུས་བསུའི་གསུངས་འཕྲིན་གནང་བའི་རྗེས་སུ་གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་Richard Gereལགས་ཀྱིས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གསུངས་བཤད་གནང་རྒྱུ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་Dianne Feinsteinམཆོག་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་ལས་ཐོག་གྲོས་ཚོགས་འཐུས་མི་ལྕམ་Nancy Pelosiམཆོག གསར་འགོད་གྲགས་ཅན་Daniel Golemanརྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ལྕམ་Priyanka Chopra སོགས་གྲགས་ཅན་མི་སྣ་ཁག་གིས་བརྙན་པར་བརྒྱུད་ནས་༧གོང་ས་མཆོག་ལ་ཆེ་བསྟོད་ཞུས་པ་ཁག་ཀྱང་བཏོན་གནང་རྒྱུ་དང་མཛད་སྒོ་དེ་བཞིན་http://6abc.com/live/དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་ཡང་ཞུ་འཆར་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།