སེམས་བཟང་པོ་བྱ་རྒྱུ་ནི་ཆོས་ཀྱི་སྙིང་པོ་ཡིན།


2018.09.07
༧གོང་ས་མཆོག་གཙུག་ལག་ཁང་དུ། ༢༠༡༨།༩།༦ ༧གོང་ས་མཆོག་གཙུག་ལག་ཁང་དུ། ༢༠༡༨།༩།༦
OHHDL

ཆོས་ཀྱི་སྙིང་པོ་ནི་སེམས་པ་བཟང་པོ་བྱ་རྒྱུ་ཡིན་པ་དང་དེའི་ཐོག་གཞན་ལ་ཕན་ཐོགས་བྱེད་ཐུབ་ན་མཆོག་ཡིན་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འདས་པའི་ཉིན་གྲངས་བཞིའི་རིང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་གི་ཆོས་ཞུ་བ་དང་ལྷོ་བྱང་ཨ་མི་རི་ཀ། ཨུ་རུ་སུ་དང་རྒྱ་སོག་བོད་དང་བཅས་པའི་སེར་སྐྱ་ལྔ་སྟོང་བརྒལ་བར་གཙོ་བོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་མཛད་པའི་དབུ་མ་རྩ་བ་ཤེས་རབས་ཀྱི་འགྲེལ་བ་བུ་དྷ་པ་ལི་ཏའི་སྒོ་ནས་ཆོས་འབྲེལ་སྩལ་བ་དང་།  གསུང་ཆོས་ཉིན་མཐའ་མ་སྟེ་ཕྱི་ཟླ་ ༩ ཚེས་༧་ཉིན།  ཆོས་ཀྱི་སྙིང་པོ་ནི་སེམས་པ་བཟང་པོ་བྱ་རྒྱུ་ཡིན་པ་དང་། རབ་བྱུང་ན་གཞན་ལ་ཕན་ཐོགས་བྱེད་དགོས་པ་དང་། དེ་ལྟར་མ་བྱུང་ཡང་གཞན་ལ་གནོད་པ་མི་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཡིན་པས་དེ་ནི་ཆོས་ཉམས་ལེན་གྱི་སྙིང་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་སེམས་བཟང་པོ་དང་བྱམས་བརྩེའི་བསླབ་བྱ། མིའི་རང་བཞིན་གྱི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་འདང་གི་མེད་པའི་སྐྱོན་ཆ་ཡོད་པ་གསལ་སྟོན་གནང་པ་དང་སྦྲགས།  བྱམས་བརྩེ་ལྡན་ཞིང་གཞན་གྱི་བདེ་བ་དོན་གཉེར་བྱེད་ཐུབ་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་ངེས་པར་དུ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་ཐབས་ལམ་དེ་དག་འཇུག་དགོས་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཁམས་རིག་པའི་ཐོག་རྒྱ་གར་གྱི་གནའ་བོའི་རིག་གཞུང་གཏིང་ཟབ་ཞིག་ཡོད་ཀྱང་།  འདས་པའི་དུས་རབས་མང་པོའི་རིང་རིག་གཞུང་དེ་དག་རྒྱ་གར་ནང་ཉམས་ཆགས་སུ་ཕྱིན་པ་དེ་དག་སླར་ཡང་རྒྱ་གར་ནང་བསྐྱར་གསོ་ཡོང་རྒྱུའི་ཐད་ཐུགས་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ནི་ན་ལེནྜེའི་ཆོས་བརྒྱུད་འཛིན་མཁན་ཅིག་ཡིན་པས་རྒྱ་ཧན་མི་རིགས་ཚོ་རང་བཞིན་གྱིས་ནང་ཆོས་ལ་སེམས་ཐག་ཉེ་བོ་ཡོད་པ་དང་། ལྷག་པར་རྒྱ་ནག་ནང་ནང་པའི་གྲངས་འབོར་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རྒྱ་ནག་ནང་ན་ལེནྜའི་རིག་གཞུང་བསྐྱར་གསོ་བྱེད་དགོས་ལ་ཆེ་བའི་བཀའ་སློབ་ཕེབས་ཤིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ལྐོག་ཟ་ལ་གདོང་ལེན་གྱི་མིང་གི་ཐོག་ནས་རྡུང་བརྡེག་ཚ་ནན་གྱི་ལས་འགུལ་སྤེལ་བཞིན་པ་འདི་ནི་རྒྱ་ནག་ནང་གི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་མཚོན་པ་ཞིག་ཡིན་པ་དང་།  ལྐོག་ཟ་མེད་པ་བཟོ་རྒྱུའི་ཐབས་ལམ་བཟང་ཤོས་ནི་མིའི་གཤིས་རྒྱུད་དྲང་པོ་བཟོ་ལས་ལྷག་པ་མེད་པ་ཡིན་པར་བརྟེན།  ནང་ཆོས་ཀྱི་བསླབ་བྱའི་ཐོག་ནས་རྒྱ་ནག་གི་སྤྱི་ཚོགས་ལ་ཕན་བདེ་གྲུབ་པའི་ནུས་པ་ཁྱད་པར་ཅན་ཞིག་ཡོད་པ་བཀའ་གནང་ཡོད་པ་རེད།
ཕྱིའི་ཡུལ་གྲུ་ ༧༡ ཙམ་ནས་ཁྱོན་བསྡོམས་ཆོས་ཞུ་བ་ཉི་སྟོང་ལྷག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་ཡོད་ཅིང་།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཆོས་ཞུ་བ་ཁག་གཅིག་ལ་བཅར་འདྲི་བྱས་པའི་སྐབས། ཁོང་ཚོ་མང་ཆེ་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྙིང་རྗེའི་བདག་ཉིད་ཡིན་པ་དང་། ཁོང་གི་སྐུ་མདུན་ནས་ཉིན་ཤས་གསུང་ཆོས་ཞུ་རྒྱུ་བྱུང་བ་དེས་རང་ཉིད་ཀྱི་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་ནི་རང་གཞན་གཉིས་ཀའི་བདེ་སྐྱིད་འབྱུང་རྩ་ཡིན་པའི་ངེས་པ་བརྟན་པོ་ཞིག་ཐོབ་པ་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ་བློ་བྷེ་དང་། ཨྱོན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎