བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སྐུ་ཉིས་ད་དུང་ཡང་ལོ་བརྒྱ་སྐོར་ལ་འཚོ་བའི་ཐོག་ནས་སེམས་ཅན་ལ་ཕན་ཐོགས་སྒྲུབ་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་འདི་ཚེས་༣་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཤར་ཀ་སྦུག་དང་། རྡོར་གླིང་། སྒང་ཐོག དེ་བཞིན་ར་ཝང་ལ་བཅས་སུ་གནས་སྡོད་བོད་རིགས་དང་། རྡ་སར་ཡོད་པའི་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱེད་པའི་ཆུ་སྒང་རྒྱུན་ལས་བཅས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་ཞུགས་བསྟར་འབུལ་ཞུས་འདུག་ཅིང་། ༧གོང་ས་མཆོག་གིས། སྐུ་ཉིད་ད་དུང་ཡང་ལོ་བརྒྱ་སྐོར་ལ་འཚོ་བའི་ཐོག་ནས་བོད་མིས་མཚོན་རྒྱ་དཀར་ནག་གི་ནང་པ་གཙོ་བོར་གྱུར་པའི་སེམས་ཅན་ཚོར་ཕན་ཐོགས་སྒྲུབ་རྒྱུ་ཡིན་པ་སོགས་ཞལ་བཞེས་གནང་འདུག
འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ཡིས་གནས་ཚུལ་བཏང་བར་གཞིགས་ན། ༧གོང་ས་མཆོག་གིས་བཀའ་གནང་བར། སྟོན་པ་འཁོར་དང་བཅས་པའི་ལེགས་པར་བཤད་པ་རྨད་དུ་བྱུང་བ་དེ་དག་འཛམ་གླིང་ནང་ངོ་སྤྲོད་བྱས་ཏེ་གང་ཐུབ་ཀྱི་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་འབྱུང་ཐབས་བྱེད་ཀྱི་ཡོད་ཅེས་དང་། མདོར་ན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ཅེས་བཀའ་སློབ་གནང་འདུག
༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་ཕེབས་པར། སྙིགས་མ་ལྔ་བདོ་བའི་དུས་འདིར་བོད་སྐད་རང་གི་ཐོག་ནས་གཞི་ལམ་འབྲས་གསུམ་མཐིལ་ཕྱིན་པ་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། བོད་མི་རིགས་ཀྱི་རྣམ་དཔྱོད་ངོམ་རྒྱུའི་སྐད་ཡིག་དེ་བོད་ཀྱི་མེས་པོ་རྣམས་ཀྱི་སངས་རྒྱས་ཀྱི་བསྟན་པ་སྔར་མེད་གསར་དུ་བཙུགས་ཡོད་པ་དེ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ང་ཚོའི་ལས་འགན་རེད་ཅེས་བཀའ་གནང་འདུག
༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་བོད་རིགས་གཙོ་བོར་གྱུར་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་པ་མི་གྲངས་ལྔ་སྟོང་ཙམ་འདུ་འཛོམས་བྱུང་འདུག།
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་དང་། བློ་བྷེ།
༧གོང་ས་མཆོག་གིས་སྐུ་ཉིད་ད་དུང་ཡང་ཁོང་ལོ་བརྒྱ་སྐོར་ལ་འཚོ་རྒྱུའི་བཀའ་སྩལ།༧གོང་ས་མཆོག་གིས། སྐུ་ཉིད་ད་དུང་ཡང་ལོ་བརྒྱ་སྐོར་ལ་འཚོ་བའི་ཐོག་ནས་བོད་མི་མཚོན་རྒྱ་དཀར་ནག་གི་ནང་པ་གཙོ་བོར་གྱུར་པའི་སེམས་ཅན་ཚོར་ཕན་ཐོགས་གནང་རྒྱུའི་ཞལ་བཞེས་གནང་འདུག His Holiness stressed the importance of preservation of Tibetan language and religion for the benefit of entire sentient beings and stated that he would live over hundred years
Posted by Rfa Tibetan on Monday, September 3, 2018