༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༥ཚེས་༣༠དང་༣༡ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་བོད་རིགས་གཞོན་སྐྱེས་གཙོ་བོར་འགྱུར་བའི་དད་ལྡན་པ་རྣམས་ལ་སྐྱབས་འགྲོའི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་སེམས་བསྐྱེད། ཤེས་རབ་ཀྱི་ལྷ་འཕགས་པ་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་བཅས་ཀྱི་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། དེ་རྗེས་ས་ག་ཟླ་བའི་དུས་ཆེན་སྟེ་བོད་ཚེས་༡༥ཕྱི་ཟླ་༦ཚེས་༥ཉིན་དད་ལྡན་མང་ཚོགས་ལ་བྱང་སེམས་བོག་ཆོག་དང་བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་ཐུགས་གཏན་འཁེལ་བ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲ་རྒྱའི་ཐོག་གསལ་བསྒྲགས་གནང་འདུག
དེང་སྐབས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱིད་གྲོང་ཇོ་བོ་རྟེན་གཙོར་གདན་དྲངས་ཐོག་མ་ཎི་དུང་སྒྲུབ་ཀྱི་སྨན་སྒྲུབ་ཞུ་བཞིན་ཡོད་ཅིང་། ས་ག་ཟླ་བའི་བོད་ཚེས་༡ཉིན་༧གོང་ས་༧སྐྱབས་མགོན་ཆེན་མཆོག་སྨན་སྒྲུབ་ཀྱི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།