༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུང་འདུག
ཟླ་འདིའི་སྤྱི་ཚེས་༡༣ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྡི་ལིར་ལྷོ་ཨེ་ཤེ་ཡའི་ཕྱི་རྒྱལ་གསར་འགོད་ལྷན་ཚོགས་ཀྱི་ཚོགས་ཁང་དུ་གསུང་བཤད་གནང་སྐབས། གསར་འགོད་པ་ཞིག་གིས་ཉེ་ལམ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བརྙན་ཐུང་ཞིག་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་ཕྱིན་ཏེ། མགོན་པོ་གང་ཉིད་མཆོག་ལ་མཚན་ཤས་བཟོ་མཁན་བྱུང་བར་གསལ་བཤད་ཇི་ཡོད་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། སྐབས་དེའི་བརྙན་ཆ་ཚང་དང་། ལྷག་པར་སྐབས་ཐོག་དེར་གསར་འགོད་པས་རྒྱ་གར་གྱི་སློབ་ཕྲུག་དེ་དང་། ཁོང་གི་ཨ་མ་བཅས་བར་ཚོར་སྣང་བཅར་འདྲི་བྱས་བ། དེ་བཞིན་མཛད་སྒོར་དེར་ཡོད་པའི་ཕྲུ་གུ་༡༢༠གཙོས་མི་སུ་ལ་དཀའ་ངལ་གང་ཡང་བྱུང་མི་འདུག ཐེངས་འདིའི་དོན་རྐྱེན་ལ་བརྟེན་ནས་ཕོག་ཐུག་ཤོར་ཡུལ་ངོ་མ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆགས་ཡོད་ཅེས་གསུངས་བ་དང་སྦྲགས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚོན་ན། སྐུ་ཚེ་ཧྲིལ་པོར་སྡོམ་ཁྲིམས་གཙང་མ་བསྲུངས་ནས་བཞུགས་ཡོད་ལ། ཁོང་ནི་སྒོ་ལྔའི་འདོད་ཆགས་ལས་གྲོལ་ཡོད། ད་དུང་ཁོང་གིས་སྐུ་ཚེ་ཧྲིལ་པོར་སྐྱོན་གྱི་ཆ་མ་གོས་པའི་ཐོག་བྱམས་སྙིང་རྗེ་དང་། འཚེ་བ་མེད་པ། འགྲོ་བ་མི་རིགས་གཅིག་གྱུར་གྱི་དགོངས་པ་ཉམས་བཞེས་གནང་སྟེ། འཛམ་གླིང་ཁྱོན་ཡོངས་ལ་སྤེལ་གནང་ཡོད། ཉེ་ཆར་བྱུང་པའི་གནས་ཚུལ་དེའང་མི་མང་གི་མདུན་དུ་བྱུང་བ་ཞིག་ལས་གསང་བའི་གནས་སུ་བྱུང་མེད། བརྙན་ཐུང་ཆེད་དུ་བཅད་བཏུབ་གྱིས་བཀྲམ་པར་བརྟེན། གནས་ཚུལ་དེ་ལ་ལྟ་སྟངས་དང་འགྲེལ་བཤད་གཞན་པ་རྒྱག་མཁན་ཡོད་ནའང་། ང་ཚོར་མཚོན་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ལ། ཁོང་གི་བྱམས་པ་དང་སྙིང་རྗེ་ནི་འདི་ལས་ཚད་མཐོ་བ་རེད། ད་རེས་མཚན་ཤས་བཟོས་བའི་གནད་དོན་འདིས་ང་ཚོའི་སེམས་སུ་ཕོག་ཐུག་ཆེན་པོ་བཏང་སོང་ཞེས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས། རྒྱུན་ལྡན་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་མཚོན་པའི་མི་སྣ་སུ་ཞིག་ལ་མཇལ་སྐབས་ཐུགས་བརྩེ་བ་ཆེན་པོའི་ངང་སྐུ་རྩེད་གནང་གི་ཡོད་པ་གསལ་བཤད་དང་སྦྲགས། སྐབས་དོན་རྒྱ་གར་གྱི་ཕྲུ་གུ་དེས་ཐོག་མར་༧གོང་ས་མཆོག་ལ་འཐམ་ཆོག་པ་ཞུས་བ་ལྟར་༧གོང་ས་མཆོག་གིས་སྐུ་རྩེད་དང་མཉམ་སྤོ་བོས་ཕྲུ་གུར་བྱམས་སྐྱོང་གནང་བའི་དཔེ་མཚོན་ཡིན་པ་དང་། དེའི་རྗེས་འབྲེལ་དོ་བདག་ཕྲུ་གུ་དང་ཨ་མ་གཉིས་ནས་མགོན་པོ་མཆོག་ལ་མཇལ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཞེས་སོགས་གསར་འགོད་པར་བཤད་ཡོད་སྐོར་གསལ་བཤད་གནང་ཡོད་པ་རེད།
གཞན་ཡང་སྲིད་སྐྱོང་མཆོག་གིས། དོན་རྐྱེན་འདིར་ང་ཚོས་ཉམས་ཞིབ་བྱས་པ་ལྟར་ན། བརྙན་ཐུང་དེ་བཅད་གཏུབ་ཀྱིས་བསྐྱར་དུ་འགྲེམས་སྤེལ་བྱེད་མཁན་དག་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྲས་ཡིན་པ་ཤེས་རྟོགས་བྱུང་ལ། ཁྱེད་རྣམ་པ་ཡང་གསར་འགོད་པ་ཡིན་སྟབས་བརྙན་ཐུང་འདི་ཇི་ལྟར་བསྐྱར་དུ་འགྲེམས་སྤེལ་བྱས་པ་དང་། དེ་ཉིད་སུས་བེད་སྤྱོད་གཏོང་རྩིས་བྱེད་ཀྱི་ཡོད་པ་ཞིབ་འཇུག་གནང་རོགས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་མཚན་སྙན་ལ་སྐུར་འདེབས་བྱས་པ་ལ་བརྟེན་ནས་སུ་ལ་ཁེ་ཕན་ཡོད་པ་གསལ་བཤད་བྱེད་མི་དགོས་བ་དེ་རེད། མཚན་ཤས་བཟོ་བའི་ལས་འགུལ་དེའི་ཁྱབ་ཚད་དང་ནུས་པ་ལ་བལྟས་ན། དེར་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་དང་དམིགས་ཡུལ་དེར་གསར་འགོད་པ་ཚོས་སྣང་ཆུང་གཏོང་རྒྱུ་མེད་པ་གསུང་འདུག
གཞན་མང་ཚོགས་ཚོའི་ཁྲོད་དོན་རྐྱེན་དེར་ཡི་མ་རངས་པ་བྱུང་མཁན་ཡོད་རིགས་ལ་ཞུ་རྒྱུར། ཁྱེད་རྣམ་པས་དོན་དམ་གྱི་གནས་ཚུལ་ཆ་ཚང་རྟོགས་པར་མཛད་སྒོའི་བརྙན་ཆ་ཚང་ལ་གཟིགས་རོགས་ཞེས་ཞུ་རྒྱུ་ཡིན། དེ་ལྟར་གནང་ན་ཁྱེད་ཀྱིས་ད་གཟོད་ཆགས་སེམས་དང་བྱམས་བརྩེ་གང་ཡིན་དབྱེ་བ་འབྱེད་ཐུབ་ངེས་རེད་ཅེས་ལན་འདེབས་གསལ་བཤད་གནང་ཡོད་འདུག
ད་དུང་སྲིད་སྐྱོང་མཆོག་གིས་བོད་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། བཀའ་ཤག་གིས་དོན་རྐྱེན་དེའི་ཐད་བསྒྲགས་གཏམ་མ་སྤེལ་བའི་རྒྱུ་མཚན་ནི། ང་ཚོ་བཀའ་ཤག་གིས་ལག་ཀ་ག་རེ་བྱས་བ་ཡིན་ན་བརྟན་པོ་བྱེད་ཀྱི་ཡོད། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཚགས་བསྡད་ཡོད་པ་རེད། གོ་བསྡུར་དང་བསམ་ཞིབ་བྱེད་དགོས་བ་རེད། དེ་བས་ད་ལྟའི་གནས་སྟངས་ཀྱི་ཐོག་ནས་ང་ཚོ་བཀའ་ཤག་གིས་བསྒྲགས་གཏམ་རང་སྤེལ་མ་དགོས་བ་བྱས་ཡིན། བསྒྲགས་གཏམ་སྤེལ་བ་ཡིན་ན་གནས་ཚུལ་ཆེ་རུ་བཟོ། ཡང་ན་ཆུང་བ་བཟོ་བཤད་ཁག་པོ་རེད། དེ་བས་བཀའ་ཤག་གི་ངོས་ནས་གསར་འགོད་པ་ལ་ལན་རྒྱག་དགོས་བ་སོགས་བྱུང་ཚེ་གྲ་སྒྲིག་བྱས་ཡོད། ངའི་བསམ་པར་ང་ཚོའི་ངོས་ནས་ནོར་འཁྲུལ་གང་ཡང་བྱས་མེད་དུས་ནོངས་དགོས་བ་གང་ཡང་མེད། ཅེས་གསལ་བཤད་གནང་འདུག
གཞན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྤྱི་ཚེས་༡༤ཉིན། གོང་ཞུས་གནས་ཚུལ་དེའི་ཐད་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ལྷག་དོན་༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་རྒྱ་ནག་དམར་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནང་གི་བརྒྱུད་ལམ་དང་། གང་ཟག་སྒེར་སོགས་རྣམ་པ་འདྲ་མིན་བེད་སྤྱོད་ཀྱིས་རང་རེའི་སྤྱི་ཚོགས་གཏོར་བཤིག་དང་ཉམས་དམས་སུ་གཏོང་རྒྱུའི་སྲིད་བྱུས་ངན་པ་སྤེལ་བཞིན་ཡོད་པས། ཚང་མས་གཟབ་ནན་དང་། དོ་སྣང་། གདོང་ལེན་བྱ་རྒྱ་གལ་ཆེ་བ་དང་། ཐེངས་འདིའི་༧གོང་ས་མཆོག་གི་མཛད་འཕྲིན་ལ་གོ་བ་ལོག་སྒྲུབ་དང་། དེ་བཞིན་འགྲེལ་བཤད་རང་སྣང་གང་དྲན། ཞིབ་འཇུག་མེད་པའི་བྱུང་རྒྱལ་ལྟ་བུ་བརྒྱུད་ལམ་དུ་སྤེལ་བར་བློ་ཕམ་ཆེན་པོ་བྱུང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ནི། ་སྐྱེ་བོ་དུང་ཕྱུར་མང་པོས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་གཞི་ཞིག་ཏུ་གྱུར་བ་སྨྲོས་ཅི་དགོས། སྐྱེ་འགྲོའི་བདེ་སྐྱིད་དང་། བསྟན་འགྲོའི་དོན་དུ་བཀའ་བཟང་ཞལ་བཞེས་ཐོབ་པ་བཞིན་༸སྐུ་ཚེ་ཡུན་རིང་བརྟན་ཅིང་རླབས་ཆེན་གྱི་མཛད་འཕྲིན་རྒྱས་པའི་གསོལ་བ་འདེབས་རྒྱུ་ཡིན་པ་སོགས་བཀོད་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།