བྱམས་བརྩེའི་ཉམས་ལེན་ནི་མི་ཚེའི་ཉམས་ལེན་གལ་གནད་ཆེ་ཤོས་དེ་ཡིན། ༧གོང་ས་མཆོག་གིས།

དབྱིན་ཇིའི་རྒྱལ་པོ་ཆཱལ་ལི་སི་(Charles)་མཆོག་གིས་དབུ་འཛིན་གནང་བཞིན་པ། དབྱིན་ཇིའི་ཨེ་ཤེ་ཡའི་ཡིད་ཆེས་དགེ་རྩ་ཁང་(The British Asian Trust)་གི་ཚོགས་མི་ཁག་ཅིག་གིས། སྤྱི་ཟླ་༣པའི་ཚེས་༢༧ཉིན་བཞུགས་སྒར་ཕོ་བྲང་དུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། ༧གོང་ས་མཆོག་གི་དགོངས་གཞི་ནི་གཞན་ཕན་གྱི་བྱ་བ་དང་། བྱམས་བརྩེའི་བསླབ་བྱ་སོགས་ཡིན་པར་བརྟེན། ཡིད་ཆེས་དགེ་རྩ་དེའི་ངོས་ནས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་ཕྲུ་གུ་ལོ་ཆུང་ཚོར་ཤེས་ཡོན་སློབ་སྦྱོང་དང་ཟས་གོས་གནས་མལ། འཕྲོད་བསྟེན་གྱི་མཐུན་རྐྱེན་སོགས་ཕུལ་ཏེ་གཞན་ཕན་གྱི་ཕྱག་ལས་ཤུགས་ཆེར་གནང་གི་ཡོད་པས། ཆེད་དུ་༧གོང་ས་མཆོག་ལ་ཚོགས་མི་༢༣ནས་མཇལ་ཁ་བཀའ་སློབ་ཞུས་ཡོད་པ་ལས། མཇལ་བཅར་བ་སིད་སི་རྒྱལ་ཁབ་ཀྱི་ཨར་ཕུ་ནཱ་ཤར་མ་མོར་ཇ་རི་ཡ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲན་ཁང་ལ་གསུང་ན། ང་ཚོས་རྒྱ་གར་ནང་གི་བདེ་རྩ་ཁང་ཁག་གི་ཆེད་དུ་དགོས་དངུལ་བསྡུ་རུབ་ཀྱིས། མཐུན་རྐྱེན་ཞན་པའི་ཕྲུ་གུ་ཉམ་ཐག་ཚོར་འབྱུང་འགྱུར་གྱི་མི་ཚེ་ཡག་པོ་ཞིག་ཡོང་བར། ཁོ་ཚོ་ལ་ཟ་མ་ནས་ཤེས་ཡོན་སློབ་སྦྱོང་གི་བར་ཡོད་ཚད་ཀྱི་མཐུན་རྐྱེན་སྦྱར་ཏེ་སྦྱོང་བརྡར་ཕུལ་གྱི་ཡོད་པ་དང་། ༧གོང་ས་མཆོག་ལ་མཇལ་ཏེ་ཧ་ལས་པའི་བློ་སྟོབས་འཕེལ་བ་དང་ངོ་མཚར་ཆེན་པོ་བྱུང་བ་མ་ཟད། ང་ཚོ་ཚང་མ་སེམས་འགུལ་ཆེན་པོ་ཐེབས་པའི་ཁར། ༧གོང་ས་མཆོག་གིས་བྱམས་བརྩེའི་ཉམས་ལེན་ནི་མི་ཚེའི་ཉམས་ལེན་གལ་གནད་ཆེ་ཤོས་ཡིན་པར་བཀའ་སྩལ་པ་དེ་བཞིན་དུ་ཚོར་གྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནས་ཡོང་བའི་རཱ་ཊ་ལགས་ནས་ཀྱང་། ༧གོང་ས་མཆོག་གིས་ང་ཚོར་མཇལ་ཁ་བྱིན་རླབས་གནང་བ་དང་། ང་ཚོ་ཚང་མ་ཁོང་ལ་མཇལ་འདུན་ཧ་ཅང་ཆེན་པོ་ཡོད་ཐོག ང་རང་གི་མི་ཚེའི་ནང་༧གོང་ས་མཆོག་ལ་མཇལ་བ་ཐེངས་དང་པོ་ཡིན་པས། མཇལ་ཁའི་ཚོར་སྣང་ངོ་མ་དེ་རྗེས་ནས་ཡོང་རྒྱུ་ཞིག་ཏུ་ཚོར་གྱི་འདུག ད་ལྟའི་ཆར་འཚབ་སྣང་དང་ཆབས་ཅིག་ཏུ་ནང་སེམས་ལ་ཞི་བདེའི་ཚོར་བ་ཞིག་ཀྱང་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
དབྱིན་ཇིའི་ཨེ་ཤེ་ཡའི་ཡིད་ཆེས་དགེ་རྩ་ཁང་(The British Asian Trust)་ནི། སྤྱི་ལོ་༢༠༠༧ལོར་དབྱིན་ཇིའི་རྒྱལ་པོ་ཆཱལ་ལི་སི་མཆོག་དང་དབྱིན་ཡུལ་གྱི་ཨེ་ཤེ་ཡའི་མི་རིགས་ཚོང་ལས་འགོ་ཁྲིད་པ་ཁག་ཅིག་གིས་བཙུགས་ཏེ། ལྷོ་ཨེ་ཤེ་ཡའི་ནང་གི་དབུལ་ཕོངས་དང་། འདྲ་མཉམ་མེད་པ། དྲང་བདེན་མིན་པའི་གནས་ཚུལ་སོགས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་གཙོར་འདོན་གྱི་ཕྱག་ལས་གནང་གི་ཡོད་པ་རེད་འདུག
གཞན་ཚེས་༢༧ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཉི་ཧོང་ནས་ཡིན་པ་ཨ་རིར་གནས་སྡོད་སྒྱུ་རྩལ་བ་དང་རྩོམ་པ་པོ་ལྕམ་(Rima Fujita)་ལགས་སུ་དམིགས་བསལ་མཇལ་ཁ་སྩལ་ཡོད་པ་དང་། ཁོང་མོས་བརྩམས་པའི་༧གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་པར་རིས་རི་མོའི་དཔེ་དཔེ་དེ་བཞིན་མགོན་པོ་གང་ཉིད་མཆོག་ལ་སྦྱན་འབུལ་ཞུས་པར། ༧གོང་ས་མཆོག་གིས། ཐུགས་དགྱེས་ཚོར་ཆེན་པོས་ཁོང་མོར་བསྔགས་བརྗོད་དང་སྦྲགས། ཐུགས་རྗེ་ཆེ་གསུང་གནང་མཛད་ཡོད་འདུག
མཇལ་ཁའི་རྗེས་(Rima Fujita)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་ན། དཔེ་དེབ་དེ་ནི་ཚང་མས་ཐུགས་རྒྱུས་ཡོད་པའི་༧གོང་ས་ཏཱ་ལའི་མ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་རེད། འོན་ཀྱང་། ངས་དཔེ་དེབ་དེ་བརྒྱུད་ནས་མགོན་པོ་གང་ཉིད་མཆོག་ནི་ཁྱད་དུ་འཕགས་པའི་གང་ཟག་ཞིག་ཡིན་པ་གསལ་སྟོན་བྱེད་རྒྱུ་ནི་ངའི་དམིགས་ཡུལ་དང་ལེགས་སྐྱེས་འབུལ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ད་རེས་༧གོང་ལ་མཆོག་ལ་དངོས་སུ་མཇལ་ཁ་ཞུས་ཏེ། དཔེ་དེ་སྦྱན་འབུལ་ཞུས་ཐུབ་པ་བྱུང་བ་དེས་སེམས་ནང་བརྗོད་པར་དཀའ་བའི་ཚོར་བ་མི་འདྲ་བ་ཞིག་དང་ཧ་ཅང་དགའ་ཚོར་བྱུང་ཞིང་། ཡུན་རིང་རེ་སྒུག་བྱེད་པའི་དམིགས་ཡུལ་དེ་ཡང་འགྲུབ་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
ཁོང་མོས་ཐེངས་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྦྱན་འབུལ་ཞུས་པའི་སྐུའི་མཛད་རྣམ་དང་འབྲེལ་བའི་པར་རིས་རི་མོའི་ཕྱག་དཔེ་དེ་བཞིན་བོད་ཡིག་དང་། དབྱིན་ཡིག སི་པན་ནི་ཤེ། པོར་ཇི་གེསི་བཅས་སྐད་ཡིག་མི་འདྲ་བ་བཞིའི་ཐོག་ལ་དཔར་སྐྲུན་གནང་ཡོད་འདུག་ལ། ཤོག་གྲངས་༥༥ཡོད་པའི་དཔེ་དེའི་སྔོན་གླེང་དུ་མགོན་པོ་གང་ཉིད་མཆོག་གིས་ཆེད་བརྗོད་མཛད་པའི་ནང་། (Rima Fujita)་ཡིས། ངོས་ཀྱི་མི་ཚེའི་སྐོར་ལ་པར་རིས་ཅན་གྱི་དེབ་ཆུང་འདི་བརྩམས་པར་ངོས་རང་དགའ་པོ་བྱུང་། དེབ་འདིས་ཀློག་པ་པོ་རྣམས་བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལམ་ལ་སྐྱོད་རྒྱུར་སྐུལ་མ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་འདུག
གསར་འགོད་པ། བློ་བྷེ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།