ཨ་མི་རི་ཀའི་ཧར་ཝཌི་(Harvard)་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་ཐོག འདི་ཚེས་༢༣ དང་༢༤བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག འགོ་ཁྲིད་དང་བདེ་སྐྱིད་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཞིག་སྐོང་ཚོགས་གནང་བཞིན་པ་དང་། ལྷན་ཚོགས་ཀྱི་ཉིན་དང་པོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ། ངོས་རང་གིས་ཡིད་ཆེས་བྱེད་བཞིན་པ་ནི་ཕྱིའི་གཟུགས་པོའི་གནས་སྟངས་དེ་བཞིན་ནང་བསམ་བློའི་བསམ་ཞིབ་ལ་རག་ལུས་ཡོད་པ་དང་། གལ་ཏེ། བསམ་བློའི་གནས་ཚད་ཞི་བདེ་བག་ཕེབས་ངང་ཡོད་ཚེ་འདིའི་ཕྱིའི་གཟུགས་པོ་ལ་ཡག་པའི་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་། གལ་ཏེ། སེམས་ཁྲལ་མང་པོ་དང་ཡང་སྐབས་རེ་ཁོང་ཁྲོ་མང་པོ་ལང་པ་ཡིན་ན་དེས་ཕྱིའི་གཟུགས་པོ་ལ་ཡང་གནོད་སྐྱོན་ཆེན་པོ་ཡོད་དུས། འགྲོ་བ་མིའི་མི་ཚེའི་ནང་བྱམས་བརྩེའི་བརྩེ་སེམས་ནི་གལ་གནད་ཆེན་པོ་ཡིན་པ་བཀའ་སྩལ་ཡོད་པ་རེད།
ལྷན་ཚོགས་ཐོག་ཧར་ཝཌི་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་སྐུ་ཞབས་(Arthur C brook )་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ང་ཚོའི་གྲོགས་པོ་ཚོ་འདིར་ཕེབས་དོན་གཙོ་བོ་ནི། ང་ཚོས་ཧར་ཝཌི་གཙུག་ལག་སློབ་ཁང་དུ་བདེ་སྐྱིད་བརྟག་དཔྱད་ཁང་ཞིག་འགོ་འཛུགས་ཞུས་ཡོད་པ་དེ། དེ་རིང་མགོན་པོ་མཆོག་དང་ལྷན་དུ་དབུ་འཛུགས་ཞུ་བཞིན་ཡོད། དེ་གནང་དགོས་དོན་གཙོ་བོ་ནི་ལོ་བཅུའི་གོང་ང་ཚོ་གཞུགས་སྒར་དུ་ཐོག་མར་ཡོང་བའི་སྐབས་སུ། ང་ཚོས་མགོན་པོ་མཆོག་ལ་བདེ་སྐྱིད་རིག་པའི་ཐད་བཀའ་འདྲི་ཞུས་སྐབས་དེར། མགོན་པོ་མཆོག་གིས་ང་ཚོ་ལ་གནད་དོན་གསུམ་གྱི་ཐོག་སློབ་སྟོན་གནང་སོང་། དང་པོ་ང་ཚོ་ལ་སོ་སོའི་མི་ཚེ་ལོངས་སུ་སྤྱོད་རྒྱུའི་འགན་དབང་དང་གཞི་རྩའི་ཐོབ་ཐང་ཡོད་པ། མི་ཚེ་སྐྱིད་པོ་ནི་བདེ་སྐྱིད་ཀྱི་གཞི་རྩ་ལྟ་བུ་དང་། མིའི་མི་ཚེ་ནི་གཅེས་འཛིན་བྱ་དགོས་པའི་ལག་རྟགས་ཞིག་ཡིན་པ། གཉིས་པ། མི་ཚེའི་ནང་ཡིད་ཚིམ་པོ་ཡོང་ཐབས་སུ་འཚོལ་ཞིབ་བྱ་དགོས་པ་དང་། དེ་མིན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་ལ་མི་ཚེའི་ནང་དམིགས་ཡུལ་ཞིག་དང་དོན་དང་ལྡན་པ་ཞིག་དགོས་པ་གསུངས་གནང་སོང་། འདི་ནི་མི་ཚེ་བདེ་སྐྱིད་ཡོང་བ་ལ་གདོང་ལེན་བྱེད་རྒྱུ་ཁག་ཤོས་དེ་རེད་འདུག་བཅས་གསུངས་གནང་སོང་། དེ་རིང་༧གོང་ས་མཆོག་གིས། ང་ཚོར་སློབ་ཚན་ཁག་དྲུག་གི་ཐོག་སློབ་སྟོན་གནང་ཡོད་པ་དང་པོ། འགྲོ་བ་མི་ཚང་མར་གཅིག་གྱུར་གྱི་འདུ་ཤེས་དགོས་པ་དང་། གཉིས་པ་རང་གཞན་ཚང་མར་བྱམས་བརྩེའི་བརྩེ་སེམས་དགོས་པ། གསུམ་པ་དབང་ཆ་དང་མཚན་སྙན་གྲགས་རྒྱུ་ནོར་སོགས་ལ་དོགས་ཟོན་བྱ་དགོས་པ། བཞི་པ་རང་གི་གྲོགས་པོ་དང་སྤུན་ཆེད་ལ་བྱམས་པ་དང་བརྩེ་བ་ཡོད་པ་ནང་བཞིན་རང་གི་དགྲ་བོ་ལ་ཡང་གཅིག་མཚུངས་གནང་དགོས་པ། ལྔ་པ་རང་གི་མི་ཚེའི་ནང་གི་དཀའ་སྡུག་ནས་སྦྱང་པ་དང་འཚར་ལོངས་བྱེད་དགོས་པ། དྲུག་པ་རང་ལས་གཞན་གཅེས་པར་འཛིན་པས་བློ་ཁྱེར་པ་ཡིན་ན་རང་ཉིད་ལ་སྡུག་བསྔལ་དང་དཀའ་ངལ་འཕྲད་པས་གནས་སྐབས་སུ་གཞན་གྱི་སྡུག་བསྔལ་དང་དཀའ་ངལ་མཐོང་ཐུབ་ན་སོ་སོའི་སྡུག་བསྔལ་ཉུང་དུ་འགྲོ་བའི་ཚོར་བ་བཞིན། ང་ཚོས་༧གོང་ས་མཆོག་གིས་སློབ་སྟོན་གནང་པ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་དང་སློབ་ཁྲིད་གནང་ཐུབ་པ་ཡིན་ན་འཛམ་གླིང་འདི་ཡག་པོ་ཞིག་ཡོང་ངེས་ཡིན་པ་གསུངས་གནང་སོང་།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།