ཆོས་ལ་དད་པ་ཙམ་གྱི་རྗེས་སུ་འབྲང་ན་རྨོངས་དད་ཡིན།
2014.06.25
ཆོས་ཀྱི་ནང་དོན་མ་ཤེས་བར་དད་པ་ཙམ་གྱི་རྗེས་སུ་འབྲང་ན་རྨོངས་དད་ཡིན་པ་དང་དེས་བསྟན་པར་ཕན་ཐོཊ་ཡོང་ཁག་པོ་རེད་གསུངས་འདུག
དེ་ཡང་༧གོང་ས་མཆོག་དེང་སྐབས་ལ་དྭགས་སུ་ཕེབས་ཡོད་པ་ལྟར། སྤྱི་ཟླ་༦ཚེས་༢༤ ཉིན་ནི་༧གོང་ས་མཆོག་གིས་ལ་དྭགས་ཟངས་དཀར་ཁུལ་དུ་ཆོས་འབྲེལ་གྱི་ཉིན་གཉིས་བ་ཡིན་པ་དང་། སྐབས་དེར་དད་ལྡན་སེར་སྐྱ་མང་ཚོགས་༦༠༠༠ བརྒལ་བར། ངོས་ཀྱིས་དུས་རྒྱུན་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ལ་ཆོས་འབྲེལ་གནང་སྐབས་ཆོས་ཀྱི་དོན་དག་སྙིང་པོ་གང་ཡིན་པ་འགྲེལ་བཤད་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་ཡོད། སྤྱིར་བཏང་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་དད་པ་བྱས་པ་དེ་ནི་ཕལ་ཆེར་རྨོངས་དད་ཆགས་ཀྱི་ཡོད་རེད། ནང་པ་སངས་རྒྱས་པའི་ཆོས་དེ་རྨོངས་དད་མ་རེད། ཡིན་ནའང་ཆོས་བྱེད་མཁན་ཚོས་ཆོས་ཀྱི་གནས་སྟངས་མ་ཤེས་པའི་དབང་གིས་དད་པ་ཙམ་གྱི་རྗེས་འབྲང་བྱེད་སྐབས་རྨོངས་དད་ཆགས་ཀྱི་ཡོད། དེ་ཡིས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུར་ཕན་ཐོཊ་ཡོང་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་དང་། མུ་མཐུད་༧གོང་ས་མཆོག་གིས། སྤྱིར་བཏང་ཤེས་ཡོན་གྱི་གནས་ཚད་ཇི་ཙམ་གོང་མཐོར་ཕྱིན་པ་དེའི་ཚོད་ཀྱིས་རྨོངས་དད་ཇེ་ཉུང་འགྲོ་གི་རེད། རྒྱུ་མཚན་ལྡན་པའི་ཆོས་ཤིག་ཡིན་ན། ཇི་ཙམ་གྱིས་ཤེས་ཡོན་ཡོད་པ་དེའི་ཚོད་ཀྱིསདེར་དོ་སྣང་གསར་པ་སླེབས་ཀྱི་རེད། ངོས་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་སྐབས་ནང་པ་སངས་རྒྱས་པའི་ཆོས་ཡག་ཤོས་རེད་ཅེས་འགྲེལ་བརྗོད་བྱེད་ཀྱི་མེད། ཆོས་ཞེས་པ་ནི་མི་སོ་སོའི་ཁམས་དང་མོས་པར་འཚམ་པའི་སྒོ་ནས་ཡག་ཉེས་བཞག་དགོས་པ་ཞིག་ཆགས་ཡོད། འོན་ཀྱང་ང་ཚོ་བོད་པ་ཚོ་དང་། ཧི་མ་ལ་ཡའི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་ཧ་ཅང་གཏིང་ཟབ་ཤོས་ལྟ་བུ་ཆགས་ཀྱི་ཡོད། དེང་སྐབས་ཚན་རིག་པའི་ནང་ནས་སངས་རྒྱས་པའི་རྟེན་འབྱུང་གི་ལྟ་གྲུབ་ལ་དོ་སྣང་བྱེད་ཀྱི་འདུག་ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་ཡོད་པ་རེད།
གསར་འགོད་པ་འབེན་པ་སྟོབས་རྒྱལ།