༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལས་གཞི་ཁག་མུ་མཐུད་རྒྱུ།

དེ་རིང་ཕྱི་ཟླ་༢ཚེས་༢༧ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་ལགས། བཀའ་དྲུང་ཆེན་མོ་བ་བཅས་གསུམ་ནས་བོད་ཀྱི་བརྙན་འཕྲིན་ཐོག་བཅར་འདྲི་དང་ལན་སྐབས་། སྔ་ལོའི་ཕྱི་ཟླ་བདུན་པའི་ཚེས་དྲུག་སྟེ་སྐུའི་འཁྲུངས་སྐར་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་འཁོར་མོ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གོ་སྒྲིག་ཞུས་པ་ལྟར། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མི་མང་འདུ་འཛོམས་སོགས་ཀྱི་ལམ་ནས་དམིགས་བསལ་རྒྱ་ཆེན་པོའི་ཐོག་ནས་ཞུ་ཐུབ་མེད་ཀྱང་།ཆོས་རིག་ལས་ཁུངས་ཀྱི་གཙོས་འབྲེལ་ཡོད་ལས་ཁུངས་སོ་སོས་༧གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་དང་འབྲེལ་བའི་སྐོར། དེ་བཞིན་ཆོས་ཕྱོགས་དང་ཁོར་ཡུག ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་ལམ་སྟོན་སོགས་ཀྱི་སྐོར་ཕྱི་ནང་མང་ཚོགས་ལ་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་ཐུབ་ཡོད་ལུགས་གསུངས་འདུག
དེ་དང་ཕྱོགས་མཚུངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་མང་ཚོགས་པ་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་གོ་རྟོགས་སྤེལ་ཐབས་སོགས་ཀྱི་ལམ་ནས་ལས་འགུལ་སྤེལ་ཡོད་ལ་ད་དུང་ཟླ་བ་འགའ་ཤས་ནང་མུ་མཐུད་ནས་ལས་འཆར་མང་དག་ཞིག་སྤེལ་འཆར་ཡོད་པ་ལྟར་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ཀྱང་ལོ་འཁོར་མོ་འདིའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད་པ་ལྟར་མུ་མཐུད་ནས་གནང་རོགས་གནང་ཞེས་གསུངས་འདུག
སྤྱིར་བཏང་གཞུང་འབྲེལ་གཅིག་པུའི་ཐོག་ནས་ལས་འཆར་སྤེལ་གནང་བ་མ་ཡིན་པར་ལ་དྭགས་ཀྱི་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་འདས་པའི་ཟླ་བ་འགའ་ཤས་ནང་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུས་ཡོད་རེད་ལ་ཕྱིའི་རྒྱལ་ཁབ་ཁག་ཏུའང་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་ནས་ཀྱང་ཞུ་བཞིན་ཡོད་པ་རེད།།