དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཚོགས་འདུག
ཕྱི་ཟླ་གསུམ་པའི་ཚེས་༨ཉིན་མོར་དེ་སྔ་ཕྱི་ལོ་༡༩༨༩ལོའི་དུས་ཚིགས་དེར་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོའི་ཐོག་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་དང་། དེ་ནས་བཟུང་བོད་མི་ཚོའི་ཐོག་འགྲོ་བ་མིའི་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་དང་བཙོན་འཇུག་བྱས་པ། བཙོན་ཁང་ནང་འདས་གྲོངས་སུ་གྱུར་བ། དེ་དག་གི་ནང་མི་ཚོར་རིམ་པས་བསུན་གཙེར་བཟོས་ཏེ་དཀའ་ངལ་དུ་མ་ཞིག་སྤྲད་དང་སྤྲོད་བཞིན་པའི་གནས་སྟངས་ལ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་ཁོང་ཚོའི་བློས་གཏོང་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་ལོ་ལྟར་ཞུ་མུས་བཞིན། ད་རེས་ཕྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྲིད་སྐྱོང་གི་དབུས་པའི་སྲི་ཞུའི་ལས་བྱེད་རྣམས་པས་ཉིན་རྒྱབ་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་ཞུས་ཡོད་འདུག
མཆོད་འབུལ་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཕྱི་ལོ་༡༩༨༨ལོའི་ཕྱི་ཟླ་༩་པ་དང་༡༠ པ། ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་༣བཅས་ཀྱི་ནང་བོད་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་སྟངས་ཐད་བོད་མི་རྣམས་ཀྱིས་འདོད་བློ་མེད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པར་བརྟེན་ད་ལྟའི་རང་རེའི་སྤྱི་ཚོགས་ནང་དགུ་བཅུ་གསུམ་ཞེས་པའི་སྒྲིག་འཛུགས་དེ་དག་བཙུགས་པ་དང་། ལྷག་པར་ཕྱི་ལོ་༡༩༨༩ལོའི་ཟླ་བ་༣པའི་ཚེས་༨ཉིན་བོད་མི་རྣམས་ནས་ཞི་རྒོལ་བྱས་པ་དང་། རྒྱ་ནག་གཞུང་གི་ངོས་ནས་དམ་བསྒྲགས་ནན་པོ་བྱས་ཏེ་མི་མང་དག་ཅིག་དམར་གསོད་དང་། བཙོན་འཇུག་སོགས་ཀྱི་བྱ་བ་མང་པོ་ཞིག་བརྩམས་ཡོད་པ་རེད།
སྤྱིར་གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་འདི་ཕྱི་ལོ་༡༩༨༩ཟླ་བ་༣ཚེས་༨དང་བསྟུན་ཏེ་བྱེད་ཀྱི་ཡོད་ནའང་བོད་ས་ཤོར་བ་ནས་བཟུང་བོད་མི་རྣམས་ཀྱིས་སྡུག་རྩུབ་མྱངས་པ་སྤྱི་དང་། ལྷག་པར་ཕྱི་ལོ་༡༩༨༩ལོའི་རྗེས་ས་བྱི་ཞི་རྒོལ་ཆེན་མོ་ཕྱི་ལོ་༢༠༠༨ལོར་བྱུང་བ། ད་ལྟ་ཡིན་ནའང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་དང་འབྲེལ་ནས་བོད་མི་རྣམས་ལ་གནོད་འཚེ་མང་དག་ཅིག་ཕོག་ཡོད་སྟབས། ཚེ་འདས་ཡོངས་ལ་བསྔོ་བ་སྨོན་ལམ་དང་ད་ལྟ་ཡིན་ནའང་བོད་ནང་སྡུག་སྦྱོང་མྱོང་བཞིན་པ་ཡོངས་ལ་ང་ཚོའི་ངོས་ནས་གདུང་སེམས་མཉམ་སྐྱེས་བྱེད་དགོས་པ་དང་། ང་ཚོའི་རེ་བར་རྒྱ་ནག་གི་ངོས་ནས་ཡ་ལན་ཚད་ལྡན་བྱུང་བ་ཡིན་ན་ང་ཚོའི་ངོས་ནས་ཀྱང་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུ་དང་བོད་རྒྱ་དཀའ་རྙོག་སེལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་མཇལ་ཁའི་སྐབས་སུ། དུས་རྒྱུན་ཡིན་ན་ལོ་གསར་ཚེས་གསུམ་ཉིན་ཟན་རིལ་བསྒྲིལ་གནང་གི་ཡོད། སང་ལོ་ནས་བཟུང་ཟན་རིལ་བསྒྲིལ་རྒྱུ་མཚམས་བཞག་སྟེ་ཕྱག་མོ་སྐྱོན་གྱི་ཡོད་ཅེས་བཀའ་གནང་གི་འདུག་ལ་ཕྱག་མོ་སྐྱོན་པའི་སྐབས་སུ་རྟགས་དང་མཚན་མ་ཧ་ཅང་ཡག་པོ་འདུག སྐུ་ཉིད་རྒྱ་ནག་དང་བོད་དུ་སླེབས་ཐུབ་པའི་རེ་བ་འདུག་ཅེས་ཐུགས་རེ་ཆེན་པོ་སྐྱོན་གནང་གི་འདུག ཅེས་གསུངས་ནས་གང་ལྟར་ང་ཚོ་ལས་ཀ་བྱེད་མཁན་ཡོངས་ནས་འགན་ཁྱེར་ཏེ་བོད་དོན་ཧུར་ཐག་འབད་བརྩོན་བྱས་པ་ཡིན་ན། དོན་འབྲས་སོན་པར་རེ་བ་བརྒྱབ་ཆོག་གི་རེད་ཅེས་གསུངས་བཤད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
སྤྱིར་ལོ་རེའི་སྤྱི་ཟླ་༣པའི་ཚེས་༨ཉིན་མོ་དེ་ནི། དེ་སྔ་སྤྱི་ལོ་༡༩༨༩ལོའི་གསུམ་པའི་ཚེས་༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་སྟོང་ཕྲག་བརྒལ་བས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་སྐབས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་དྲག་པོའི་ཁྲིམས་གཞི་བསྡམས་ནས་ད་བར་བོད་མིར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་མི་སེར་སྐྱ་ཕོ་མོ་མང་པོའོ་བཙོན་འཇུག་དང་ཚེ་སྲོག་ཤོར་བ། དེ་བཞིན་བོད་མི་ཉེས་མེད་མང་པོས་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་འོག་བཙོན་འཇུག་དང་མནར་གཅོད་དང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་འདས་གསོན་བོད་མི་རྣམས་ལ་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་མཚོན་པའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།