བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མི་གནས་སྡོད་ས་ཕྱོགས་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་ཆེད་མཆོད་འབུལ་སྨོན་ལམ་གནང་བཞིན་པ།

2025.02.10
བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མི་གནས་སྡོད་ས་ཕྱོགས་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་ཆེད་མཆོད་འབུལ་སྨོན་ལམ་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་སྐབས། ༢༠༢༥།༠༢།༡༠ ཉིན།
Photo: RFA

འདི་ཚེས་ ༨ ཉིན་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་ཁོང་གི་བཞུགས་གནས་རྒྱ་གར་ཀ་ལོན་སྦུག་གི་སྟག་འཚེར་གཟིམ་ཤག་ཏུ་དགོངས་པ་རྫོགས་པར། ཞིང་གཤེགས་དམ་པའི་ཆེད་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་དང་། མྱ་ངན་མཆོད་འབུལ་སྨོན་ལམ་གནང་བཞིན་ཡོད་པ་ལྟར། འདི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ནས་ཉིན་གུང་ཆུ་ཚོད་ ༢ ཐོག་སྲིད་སྐྱོང་ཚོགས་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་དང་། དེ་རྗེས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད། མཆོད་འབུལ་སྐབས་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་དེ་ནི་ཡིད་སྐྱོ་དགོས་པ་ཞིག་ཡིན་པ་དང་། ཞིང་གཤེགས་དམ་པ་དེ་ཉིད་ནས་རྒྱ་ནག་གིས་བོད་བཙན་བཟུང་གིས་བོད་མི་རྣམས་བཙན་བྱོལ་དུ་འགྲོ་དགོས་པའི་གནས་སྟངས་བྱུང་སྐབས། རྒྱ་གར་དང་རྒྱལ་སྤྱིའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཆེད་སྐུ་ལས་སྐྱོན་ཡོད་པ་མ་ཟད། རྒྱ་གར་ནང་དུ་ (SFF) ཞེས་དང་སློབ་དམག་སྒར་ ༢༢ པ་གསར་འཛུགས་སོགས་ཀྱི་ཐད་སྐུ་ལས་འཛེམས་མེད་བསྐྱོན་ཡོད་པ་སོགས་གསལ་སྟོན་གྱིས། སྲི་ཞུ་བ་རྣམས་ནས་མཆོད་འབུལ་སྨོན་ལམ་འདིའི་ཐོག་དམ་པ་དེ་ཉིད་ཀྱིས་བོད་དོན་ཆེད་སྐུ་ལས་བསྐྱོན་པ་རྣམས་སྙིང་ལ་བཅངས་པའི་ཐོག་ནས་བསྔོ་སྨོན་ཞུ་དགོས་སྐོར་གསུངས་སོང་།

WhatsApp Image 2025-02-10 at 2.16.01 PM.jpeg
བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་སྐབས། ༢༠༢༥།༠༢།༡༠ ཉིན།

གཞན་ཡང་འདི་ཚེས་ ༡༠ ཉིན་གྱི་སྔ་དྲོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོལ་གསུམ་དབུས་རྒྱུན་ལས་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཐུན་མོང་ནས་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་ཞུས་འདུག་ཅིང་། གོ་སྒྲིག་ཞུ་མཁན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནས་བོད་དོན་དང་། ལྷག་པར་བོད་རྒྱ་ཞི་མོལ་སོགས་ཀྱི་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཕྱག་ལས་གལ་ཆེན་བསྒྲུབས་ཡོད་པ་དེར། བཀའ་དྲིན་རྗེས་ཞུ་རྒྱུ་ནི་བོད་མི་རྣམས་ཀྱི་ལས་འགན་ཆགས་ཀྱི་ཡོད་པས་ཐེངས་འདིར་ཁོང་གི་བཀའ་དྲིན་རྗེས་དྲན་སོགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་དེ་བཞིན་གོ་སྒྲིག་ཞུས་པ་ཞིག་ཡིན་ཞེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་ཞིང་གཤེགས་དམ་པ་དེ་ཉིད་དགོངས་པ་རྫོགས་པར་བོད་ནང་གི་བོད་མི་མང་དག་ཅིག་ནས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དྲ་ཐོག་ཏུ་མྱ་ངན་ཞུ་ཚིག་དང་། དྲ་པར་འགྲེམས་འཇོག་གནང་བཞིན་འདུག་ལ། བྱེས་འབྱོར་བོད་མི་རྣམས་ནས་ཀྱང་གནས་ཡུལ་སོ་སོར་མཆོད་འབུལ་སྨོན་ལམ་ཞུ་བཞིན་འདུག

WhatsApp Image 2025-02-10 at 4.30.54 PM (1).jpeg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་Xཐོག་སྤེལ་བའི་ཐུགས་གསོའི་གསུང་འཕྲིན། ༢༠༢༥།༠༢།༡༠ ཉིན། Sikyong Penpa Tsering /X

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་ཀྱང་འདི་ཚེས་ ༡༠ ཉིན་སྤྱི་ཚོགས་དྲྭ་ལམ་ X ཐོག བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ཅེས་དང་། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གལ་ཆེན་ཞིག་ཡིན་ཞིང་ཁོང་ནས་བོད་དོན་ཆེད་མཛད་རྗེས་རླབས་ཆེན་བསྒྲུབས་ཡོད་པ་དེ་དག་གིས་མི་རབས་རྗེས་མ་རྣམས་ལ་སེམས་ཤུགས་བསྐྲུན་ངེས་ཡིན་པས། ཁོང་མྱུར་དུ་སྐུ་སྐྱེ་བཟང་པོ་ཞིག་བཞེས་ནས་དགེ་བའི་མཛད་རྗེས་མུ་མཐུད་འཇོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་ཐུགས་གསོ་ཞུས་འདུག་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༩ ཉིན་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་རྗེས་ཤུལ་སྐུ་ཉེ་ལྷན་རྒྱས་ལ་ཐུགས་གསོའི་འཕྲིན་ཡིག་གནང་བའི་ནང་། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༠ པར་སྤྱི་མཚུངས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཟིན་རྗེས་འབུལ་ལམ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་པ་དེ་དེ་བཞིན་དུ་གྲུབ་པའི་སྨོན་འདུན་ཞུས་འདུག

WhatsApp Image 2025-02-10 at 4.30.54 PM.jpeg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་་ཐུགས་གསོའི་གསུང་འཕྲིན། ༢༠༢༥།༠༢།༡༠ ཉིན། Tibetan Parliament in Exile/FB

རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (Prem Singh Tamang) ལགས་ནས་ཀྱང་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ནས་བོད་དོན་དང་ལྷག་པར་སྤྱི་ཚོགས་ཀྱི་བདེ་དོན་ཐད་ཐུགས་ཁུར་ཆེ་བཞེས་ཀྱིས་སྐུ་ལས་འཛེམས་མེད་བསྐྱོན་ཡོད་པར་རྟག་ཏུ་གུས་བརྩི་དང་ཡི་རང་ཞུ་རྒྱུ་ཡིན་ཞེས་དང་། དམ་པ་དེ་ཉིད་ཀྱི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུས་ཡོད་པ་རེད།

རྩ་བའི་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་བགྲེས་ཤོས་གཉིས་པ་དེ་ཡིན་ཞིང་། ཁོང་ནི་བོད་དོན་རང་དབང་འཐབ་རྩོད་སྤྱི་དང་། ལྷག་པར་བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་ཆེད་དྲག་པོའི་རོགས་རམ་འཚོལ་སྒྲུབ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག  རྒྱ་ནག་པེ་ཅིང་གཞུང་དང་ཞི་མོལ་འགོ་འཛུགས། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་འཐབ་རྩོད་སོགས་ཀྱི་ནང་དུས་སྐབས་མི་འདྲ་བ་སོ་སོར་འབད་བརྩོན་དང་ཐུགས་འགན་རྐང་བཞེས་གནང་མཁན་གྱི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེ་ཞིག་ཡིན་པ་རེད། །

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།











བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎