བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
* གནས་ཚུལ་ཁ་སྣོན་བྱས་ཡོད།
དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཙན་བྱོལ་བོད་མི་བོད་ནང་བསྐྱོད་ཕྱོགས་ཀྱི་གཞི་རིམ་ལམ་སྟོན་འདི་ཚེས་༧ཉིན་ཡོངས་ཁྱབ་ཕྱི་བསྒྲགས་གནང་བའི་ནང་དོན་ཚན་བདུན་བཀོད་ཡོད་པ་དང་། གཙོ་བོ་རྒྱ་ནག་གཞུང་གིས་བོད་ནས་ཕྱི་དང་ཕྱི་ནས་བོད་ནང་བསྐྱོད་མཁན་ཚང་མར་དགོས་མེད་འདྲི་རྩད་དང་མགོ་སྐོར་བསླུ་བྲིད་ཀྱི་ངན་བྱུས་སྣ་ཚོགས་རྒྱུན་ཆད་མེད་པར་བརྩམས་དང་རྩོམ་བཞིན་པའི་ཐོག ཉེ་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལྟ་སྐོར་དང་གཉེན་འཕྲད། གནས་སྐོར་སོགས་ཀྱི་མིང་སྣ་ཚོགས་ལ་ཁ་གཡར་ནས་བོད་དུ་གཡོ་ཁྲིད་དང་། བཙན་བྱོལ་བོད་མི་ཚོར་རྒྱལ་མཚམས་བརྒལ་ནས་གནོན་ཤུགས་ཇེ་མང་ཇེ་གསལ་དུ་འགྲོ་བཞིན་པར་བརྟེན་ནས་ཚང་མས་ཐུགས་སྣང་ཡིད་གཟབ་དགོས་པའི་སྐུལ་མ་གནང་འདུག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཏོག་དབྱིབས་རིམ་ནད་ཁྱབ་གདལ་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ཐད་བསམ་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་པ་དེ་དག་གཙང་སེལ་བྱ་རྒྱུའི་ཐད་རྒྱལ་སྤྱིའི་ཁྲོད་མཐོང་མཆན་མེད་པའི་སྒོ་ནས་བོད་དང་རྒྱ་ནག་ཏུ་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་བཞིན་ཡོད་ཀྱང་། བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆར་མི་འགྱུར་བའི་འབད་བརྩོན་དང་། བཀའ་ཤག་གིས་ལམ་སྟོན་གནང་བའི་བཙན་བྱོལ་བོད་མི་བོད་ནང་སྐྱོད་ཆོག་གི་གཞི་རིམ་ལམ་སྟོན་དེར་གལ་འགངས་ཆེན་པོར་ངོས་འཛིན་གནང་དགོས་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་གནད་དོན་དེའི་ཐད་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས། ལམ་སྟོན་དེ་གཙོ་བོ་བོད་མི་རྣམས་རྒྱ་ནག་གི་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པར་བོད་མི་མི་རེ་ངོ་རེས་རང་འགུལ་གྱིས་ཐུགས་སྣང་ཡིད་གཟབ་ཡོང་ཆེད་དུ་སྤེལ་བ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་ཡང་རྩ་འཛིན་ལམ་སྟོན་ནང་། བོད་མི་སྒེར་པ་སུ་ཡིན་རུང་བོད་དང་རྒྱ་ནག་ཏུ་བསྐྱོད་པར་བོད་མིའི་སྒྲིག་འཛུགས་ནས་དགག་ཆ་མེད་ནའང་། རང་རང་གནས་ཡུལ་གྱི་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ལ་ངོ་ཐུག་གམ། གློག་འཕྲིན་ནམ་ཁ་པར་བརྒྱུད་ཕྱོགས་བསྐྱོད་འཆར་གཞི་སྙན་གསན་ཞུ་དགོས་པ་དང་། སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ལ་ཞུ་སྟབས་འགྲིག་མིན་བྱུང་ཚེ། ཐད་ཀར་བདེ་སྲུང་ལས་ཁུངས་ལ་སྙན་གསན་ཞུ་འཐུས། སྙན་གསན་མེད་རིགས་ལ་བོད་མིའི་སྒྲིག་འཛུགས་ནས་ངོས་སྦྱོར་རྒྱབ་གཉེར་དང་མཐུན་འགྱུར་རོགས་རམ་སྦྱོར་སྤྲོད་བྱེད་མི་ཐུབ་པ་བཅས་གསལ་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ལས་བྱེད་ཕུར་བུ་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་གཙོས་པའི་མི་རིགས་གཞན་རྣམས་བོད་དུ་བསྐྱོད་བཅུག་བཞིན་ཡོད་ཀྱང་། མི་རྣམས་ས་གནས་སུ་འབྱོར་བ་དང་འདྲི་རྩད་སོགས་རྒྱ་གཞུང་གི་ལྟ་སྲུང་འོག་ཏུ་གནས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེང་སང་ནུབ་ཕྱོགས་ལུང་པའི་ནང་རྒྱ་ནག་གི་འབྲེལ་ཡོད་ཚན་ཁག་གི་གོ་སྒྲིག་འོག་བཙན་བྱོལ་བོད་མི་བོད་ནང་ལྟ་སྐོར་དུ་ཁྲིད་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་མ་ཟད། ཉེ་བའི་ལོ་ཤས་ནང་ཨོསི་ཊརེ་ལི་ཡ་(Australia)་ཡར་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཟེར་བ་ཞིག་བཙུགས་ཏེ་ཚོགས་པ་དེའི་བརྒྱུད་སྐུལ་འོག་ཡུལ་དེའི་ནང་གི་བོད་མི་ཚོ་བོད་ནང་ལྟ་སྐོར་དུ་ཁྲིད་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་པས་ན། མི་སྣ་དེ་དག་གི་གནས་ཚུལ་རྩད་གཅོད་དང་རྗེས་འདེད་གཏོང་རྒྱུ་གལ་ཆེ་ཡིན་པ་ཁུལ་དེར་གནས་སྡོད་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བསམ་ཚུལ་གསུངས་བྱུང་།
གཞན་ཡང་ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ཏུ། ཨའོསི་ཊརེ་ལི་ཡའི་ལྷོ་ཕྱོགས་ས་ཁུལ་ཨེཌེ་ལེཊི་ (Adelaide) ས་གནས་སུ་གནས་སྡོད་བྱེད་མཁན་མིང་ལ་སེང་གེ་དང་དྲྭ་མིང་ལ་གངས་སེང་ཟེར་མཁན་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་མཚན་སྨད་ཞུས་པའི་བརྙན་ཐུང་སྤེལ་ཡོད་པ་དང་འབྲེལ། ཟླ་ ༩ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་དང་བདེ་སྲུང་དྲུང་ཆེ། ནང་སྲིད་དང་ཕྱི་དྲིལ་དྲུང་ཆེ། དེ་བཞིན་ཕྱི་དྲིལ་དྲུང་འཕར་བཅས་ལས་གྲུབ་པའི་བོད་མི་སྒྲིག་འཛུགས་ཀྱི་དཀའ་ཉེན་གདོང་ལེན་ཚོགས་ཆུང་གིས། བོད་མིའི་སྒྲིག་འཛུགས་ཀྱིས་ངན་སྤྱོད་དེ་རིགས་སྤེལ་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུའི་ལངས་ཕྱོགས་གཞིར་བཟུང་དགོས་ངེས་ཀྱི་གདོང་ལེན་བྱ་རྒྱུ་ཡིན་ཞེས་ཡོངས་ཁྱབ་གཞེན་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།