རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡ་རམ་སླ་ལར་ཕེབས་པ།
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡ་རམ་སླ་ལར་ཕེབས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གསོལ་སྟོན་བཤམ་འདུག
-
2019-11-07 -
-
-
Your browser doesn’t support HTML5 audio
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡ་རམ་སླ་ལར་ཕེབས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གསོལ་སྟོན་བཤམ་འདུག
ཕྱི་ལོ་༢༠༡༩་ལོའི་ཟླ་༡༡་ཚེས་༧་ཉིན་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་པེ་རམ་སིང་རྟ་མང་(CM Prem Singh Tamang)་མཆོག་དང་། འགྲིམ་འགྲུལ་བློན་ཆེན་བཅས་རྡ་རམ་ས་ལར་ཕེབས་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བོད་ཀྱི་ཟློས་གར་ཚོགས་པ་རུ་གཞུང་འབྲེལ་གསོལ་སྟོན་ཞིག་བཤམ་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པ་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་ཞུས་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་ཟློས་གར་ཚོགས་པ་དེ་ཐོག་མར་༡༩༥༩་ལོར་བཙུགས་ནས། ད་བར་རྒྱལ་ཁབ་གང་སར་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་། སློབ་གྲྭ་ཁག་གི་ནང་ཟློས་གར་དགེ་རྒན་མང་པོ་གཏོང་ཐུབ་པ་བྱུང་ཡོད་ཅེས་དང་། འབྲས་ལྗོངས་དང་བོད་གཉིས་ཀྱི་དབར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡོད་ཅིང་། སྤྱི་ཁྱབ་བློན་ཆེན་མཆོག་གིས་འབྲས་ལྗོངས་ནང་བོད་མི་གནས་སྡོད་ར་བང་ལ་ས་གནས་བཅས་པའི་ནང་གཟིགས་སྐྱོང་གནང་བཞིན་ཡོད་པ་བཀའ་གནང་བྱུང་བར་འབྲས་ལྗོངས་གཞུང་མང་གཉིས་ནས་ད་བར་ཁུལ་དེར་གནས་པའི་བཙན་བྱོལ་བོད་མི་རྣམས་ལ་ཁ་ཞེ་གཉིས་མེད་ཐོག་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ངས་བོད་མིའི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་གསུང་གནང་སོང་།
ཡང་སྲིད་སྐྱོང་མཆོག་གིས། སྐུ་ཉིད་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་འབྲས་ལྗོངས་མི་མང་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཐུབ་པ་དང་། མངའ་སྡེའི་ནང་སྣ་མང་རིག་གཞུང་ཡོད་པ་དེ་དག་འཆམ་མཐུན་ངང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཅེས་གསུང་གནང་སོང་།
འབྲས་ལྗོང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་སིང་རྟ་མང་མཆོག་ད་རེས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་གྲོང་ཁྱེར་དུ་འདི་ཚེས་༧་དང་༨་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་བསྐྱང་བཞིན་ཡོད་པ་དེའི་ནང་ཚོགས་བཞུགས་ཆེད་དུ་ཕེབས་གནང་ཡོད་པ་རེད་འདུག