རྒྱ་གར་གྱི་མེས་པོ་དམ་པ་གཱན་ངྷིའི་འཁྲུངས་ཚེས་ལ་རྗེས་དྲན་སྲུང་བརྩི།
2015.10.02

༄༅།ཕྱི་ཟླ་ ༡༠ ཚེས་ ༢ སྟེ་་རྒྱ་གར་རང་བཙན་འཐབ་རྩོད་པ་མེས་པོ་དམ་པ་གྭན་དྷིའི་འཁྲུངས་སྐར་ཉིན་མོར་ བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག་ བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་གཙོས་པའི་སྲི་ཞུའི་ལས་བྱེད་བཅས་ལྷན་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་འདུག། མེས་པོ་དམ་པ་གྭན་དྷིའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་སྐབས་ སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ནས་མེས་པོ་དམ་པ་གྭན་ངྷི་ཇི་ ལྷོ་ཨབ་རི་ཀའི་ནང་བཞུགས་རིང་སྐབས་རྒྱ་གར་དེ་བཞིན་དབྱིན་ཇིིའི་དབང་བསྒྱུར་འོག་གནས་པའི་གནས་སྟངས་གནས་ལུགས་ངོ་སྤྲོད་གནང་པ་དང་། རྗེས་སུ་དམ་པོ་དེ་ཉིད་རྒྱ་གར་དུ་ཕྱིར་ལོག་གནང་སྟེ་ རིམ་བཞིན་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ནང་འགོ་ཁྲིད་ཀྱི་འགན་འཁུར་བཞེས་ཞིང་། འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཏེ་མཐར་རྒྱ་གར་དེ་བཞིན་དབྱིའི་ཇིའི་དབང་འོག་ནས་རང་བཙན་བསྐྱར་གསོ་ཐུབ་པའི་མཛད་རྗེས་ལ་དྲན་གསོ་ཞུས་གནང་འདུག སྲིད་ཚབ་མཆོག་གིས་གསུངས་བཤད་ནང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆ་ནས་མེས་པོ་དམ་པ་གྭན་དྷིའི་མཛད་རྗེས་ལ་ ལེགས་བྱ་ལེན་རྒྱུ་ཡོད་པ་གང་ཞིག་ལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ཐོག་ནས་རྒྱ་གར་དང་བོད་མིའི་གནས་སྟངས་དབར་ཁྱད་པར་ཡོད་པ་གསལ་འདོན་གནང་ཞིང་། དེ་ཡང་ གཱན་ངྷི་ཇི་མཆོག་ནས་ རང་བཙན་འཐབ་རྩོད་ཀྱི་ལས་འགུལ་དེ་བཞིན་རང་རེའི་རྒྱལ་ཁབ་ནང་རྩོད་པ་མ་ཟད། སྐབས་དེ་དུས་རྒྱ་གར་ནང་དབྱིན་ཇི་གྲངས་འབོར་ཡང་ཉུང་ཤས་ལས་མེད་པའི་གནས་སྟངས་ཡིན་ཞིང་། བོད་མིའི་འཐབ་རྩོད་འདི་བཙན་བྱོལ་གྱི་གནས་བབ་འོག་རང་ཡུལ་ནང་མ་ཡིན་པར་ཕྱི་ཕྱོགས་ནས་འཐབ་རྩོད་བྱ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་བའི་ཁྱད་པར་གསལ་འདོན་གནང་འདུག། ཡིན་ནའང་སྤྱི་ཡོངས་ཆ་ནས་ བོད་མི་ཚོས་ གྭན་དྷི་ཇི་མཛད་རྗེས་ལས་མིག་དཔེ་དང་ལེགས་བྱ་བཞེས་རྒྱུ་མང་པོ་ཡོད་པ་ནས་ད་ལྟ་བོད་མིས་རྩོད་བཞིན་པའི་དབུ་མའི་ལམ་དེ་བཞིན་མེས་པོ་དམ་པ་ཁོང་གིས་ Ahimsa སྟེ་ འཚེ་མེད་ཞི་བའི་ལྟ་གྲུབ་དང་གཅིག་མཚུངས་ཡིན་ཞིང་། དེ་ཡང་Ahimsa ཞེས་འཚེ་མེད་ཞི་བ་ནི་ གཞན་ལ་འཚེ་བ་མེད་པའི་སྒོ་ནས་ བདེན་པའི་འཐབ་རྩོད་བྱེད་རྒྱུའི་ལྟ་གྲུབ་དེ་མེས་པོ་ཁོང་གིས་གསར་གཏོད་གནང་བ་ཞིག་པ་དྲན་སྐུལ་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།