བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནང་འཛུལ་བཞུགས་གནང་ན་སྤྱི་སྒེར་ཚང་མར་ཕན་ཐོགས་ཡོང་ངེས་ཡིན་ཞེས་འདེམས་ལྷན་ཚོགས་གཙོས་གསུངས་པ།

འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ནས་སྦེང་ལོར་དུ་བོད་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས། ༢༠༢༤།༡༢།༢ ཉིན།
འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ནས་སྦེང་ལོར་དུ་བོད་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས། ༢༠༢༤།༡༢།༢ ཉིན། (CTA)

0:00 / 0:00

བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ནས་ཟླ་ ༡༢ ཚེས་ ༢ ནས་ ༨ བཅས་བདུན་གཅིག་རིང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། མེ་སོར། སྦེང་ལོར། དེ་བཞིན་ལྡི་ལི་ཁུལ་གྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་སྲི་ཞུའི་གལ་གནད། དེ་བཞིན་སྲི་ཞུ་ལས་བྱེད་ཁོངས་སུ་འཛུལ་བཞུགས་བྱ་རྒྱུའི་གོ་སྐབས་བཅས་ཀྱི་སྐོར་ལ་ངོ་སྤྲོད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་བཞིན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་བའི་གྲངས་འབོར་ལ་དེ་ཙམ་དཀའ་ངལ་མེད་ཀྱང་། ལས་བྱེད་ཀྱི་ས་མིག་གཞིར་བཟུང་ཡིག་རྒྱུགས་ནང་འཛུལ་བཞུགས་གནང་མཁན་ཅུང་ཉུང་དུ་འགྲོ་བཞིན་ཡོད་པ་སྣང་བས། གཙོ་བོ་ཐེངས་འདིར་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོར། བོད་མིའི་སྒྲིག་འཛུགས་དང་སྲི་ཞུའི་ལས་བྱེད་ནང་འཛུལ་ཞུགས་ཀྱིས། བོད་རིགས་གཞོན་སྐྱེས་ཚོས་འགན་འཁུར་བླང་རྒྱུར་ཀུན་སློང་སྤེལ་རྒྱུའི་ཆེད་ཡིན་སྐོར། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་བོད་རིགས་གཞོན་སྐྱེས་རྣམས་རྒྱ་གར་སྤྱི་ཚོགས་ཀྱི་ཚོང་ལས་སྡེ་ཚན་ཁག་ཏུ་ཕྱག་ལས་འདྲ་མིན་གཉེར་བཞིན་པ་དང་། རེ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོ་གནང་བཞིན་པ་དེས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཀྱི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཉུང་དུ་འགྲོ་བཞིན་པ་དེར་རྐྱེན་བྱེད་ཀྱི་ཡོད་པའི་ཚོད་དཔག་གནང་གི་འདུག་ལ། ཁོང་གིས་གསུངས་ན། བོད་མི་རྣམས་ནི་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པར་བརྟེན་འགན་དམིགས་བསལ་ཞིག་ཡོད་དུས། ༸གོང་ས་མཆོག་གི་ཞབས་འོག་ཏུ་སྲི་ཞུ་སྒྲུབ་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་ཐེངས་འདིར་གཞོན་ནུའི་འགོ་ཁྲིད་ཟབ་སྦྱོང་དང་བོད་རིགས་གཞོན་སྐྱེས་ཁྲོད་བོད་མིའི་སྒྲིག་འཛུགས་དང་སྲི་ཞུ་བའི་གལ་གནད་སྐོར་གོ་རྟོགས་སྤེལ་བའི་སྐབས། བོད་ཕྲུག་རྣམས་ལ་གནས་ཚུལ་རེ་ཞིག་གི་ཐད་གོ་རྟོགས་ཞན་པོ་ཡོད་པ་ལས། སྲི་ཞུའི་ལས་བྱེད་ཐད་དོ་སྣང་ཡོད་པའི་རྣམ་པ་གསལ་པོ་མངོན་གསལ་ཐུབ་ཡོད་པས། ལས་གཞི་དེའི་བརྒྱུད་མ་འོངས་རེ་བ་བཟང་པོ་གནང་གི་ཡོད་སྐོར་གསུངས་བྱུང་།

འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ནས་འདི་ཚེས་ ༥ ཉིན་མེའི་སོར་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་མ་རྣམས་དང་༸ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བོད་ཕྲུག དེ་རྗེས་རིམ་པས་རྒྱལ་ས་ལྡི་ལི་ནང་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་ཚོ་དང་ཐུག་འཕྲད་ཀྱིས་སྲི་ཞུ་བའི་གལ་གནས་སྐོར་གོ་རྟོགས་སྤེལ་འཆར་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།