བོད་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་མིན་པ་ཁུངས་སྐྱེལ་ལན་འདེབས།
2015.09.01
བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་དབུ་མའི་ལམ་ནི་ཐབས་ལམ་བཟང་ཤོས་ཡིན་པ་བསྐྱར་ནན་གནང་བ།
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་གཅིག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ངོ་༥༠ འཁོར་བའི་དུས་སྟོན་ཚུགས་བཞིན་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་བར་ལམ་རྒྱ་ནག་གཞུང་གིས་བོད་ཐོག་ལ་སྤེལ་བའི་ཡིག་ཆ་དཀར་པོའི་ཐོག་ལན་འདེབས་གནང་སྟེ་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ལ་དབུ་མའི་ལམ་ནི་ཐབས་ལམ་བཟང་ཤོས་ཡིན་པའི་སྐོར་གསུངས་ཡོད་པ་རེད་།
ཚེས༡ཉིན་ཕྱི་དྲིལ་ལས་ཁུངས་ནས་གསར་འགོད་པ་༣༠ལྷག་འདུ་འཛོམས་ཐོག་ལ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་སྤེལ་བའི་ཡིག་ཆ་དཀར་པོའི་ནང་དུ་། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་ནག་གཞུང་གིས་ཁྲིམས་མཐུན་གྱི་ངོས་འཛིན་དང་ཆོག་མཆན་སྤྲད་པའི་སྐོར་བཤད་པ་དེ་ནི་། བོད་མི་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་ནང་པ་དང་། དེ་བཞིན་རྒྱལ་སྤྱིའི་ནང་རྒྱལ་བ་རིན་པོ་ཆེར་གསུང་ཆོས་ཞུ་བར་བཅར་མཁན་དང་དད་ལྡན་རྒྱ་རིགས་ནང་པ་ཚོས་ངོས་ལེན་ཞུ་ཐབས་མེད་པའི་ཧམ་བཤད་དེར་རྒྱལ་སྤྱིའི་ཐོག་ནས་ལན་འདེབས་རྒྱབ་ངེས་ཡིན་ལུགས་དང་། ད་དུང་བོད་སྔོན་མ་ནས་རྒྱ་ནག་གི་ཆ་ཤས་མིན་པ་ཁུངས་སྐྱེལ་ར་སྤྲོད་དང་། སྐུའི་ཡང་སྲིད་རྩད་གཅོད་༧གོང་ས་མཆོག་སྐུ་ཉིད་ལ་མ་གཏོགས། རྒྱ་ནག་གཞུང་ལ་འགན་དབང་བདག་དབང་སྤུ་ཙམ་ཡང་མེད་ཚུལ། རྒྱ་ནག་གཞུང་གིས་ད་བར་དབུ་མའི་ལམ་གྱི་སྲིད་ཇུས་ཁས་ལེན་བྱས་མེད་ཀྱང་། རྒྱ་ནག་གི་ཁྲིམས་ལུགས་འོག་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པའི་བོད་མིའི་བསམ་འཆར་ཡིག་ཆ་ཕུལ་བ་དེར་བློ་གྲོས་ལྡན་པའི་རྒྱ་མི་རིགས་ཚོས་དཔྱད་ཞིབ་ཡག་པོ་བྱས་ཚེ་། དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོར་བརྩི་འཇོག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་སྲུང་སྐྱོབ་བཅས་ཀྱི་ཐབས་ལམ་བསྟན་ཡོད་པ་མཐོང་ཐུབ་ངེས་ཡིན་ཞིང་། དབུ་མའི་ལམ་གཞིར་བཟུང་ནས་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཐོབ་ཚེ་། ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ཕན་ཚུན་འཐབ་བྱུས་ཐོག་ཡིད་ཆེས་བསྐྱར་གསོ་ཐུབ་རྒྱུ་མ་ཟད། ཧི་མ་ལ་ཡའི་ས་ཁུལ་གྱི་དཔལ་འབྱོར་དང་རིག་གཞུང་གོང་འཕེལ་སྐུལ་འདེད་ཡོང་རྒྱུ་གཙོས་པའི་ཨེ་ཤེ་ཡའི་གླིང་ཆེན་ཡོངས་སུ་ཞི་བདེ་ཡུན་གནས་བསྐྲུན་ཐུབ་རྒྱུ་ཡིན་པའི་ཁར་། ཧོང་ཀོང་མི་མང་ཚོའི་སེམས་ནང་རྒྱ་ནག་གཞུང་གིས་ཁོང་ཚོར་ཡང་བརྩི་འཇོག་བྱེད་རྒྱུ་རེད་སྙམ་པའི་ཚོར་སྣང་བཟང་པོ་ཞིག་ཡོང་ངེས་ཡིན་ལ་། ད་དུང་ཧོང་ཀོང་མི་མང་ཁྲོད་རྒྱ་ནག་གཞུང་ལ་ཡིད་ཆེས་ཀྱི་བསམ་བློ་བསྐྱར་གསོ་ཐུབ་རྒྱུ་མ་ཚད་། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆེ་ཐོངས་ཆེ་རུ་འགྲོ་ངེས་རེད་ཅེས་བཀོད་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།