བཀའ་ཟུར་རྒྱ་རི་རིན་པོ་ཆེའི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ།
2018.10.30

༄༅། །བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་བསྒྲུབས་པར་ཡིད་རང་བསྔགས་བརྗོད་དང་རྗེས་དྲན་ཞུ་ཕྱིར་ཕྱི་ཚེས་༣༠་ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་སྲི་ཞུའི་ལས་བྱེད་རྣམས་ཚང་འཛོམས་གནང་སྟེ་སྨོན་ལམ་གསུང་དོན་གནང་བ་དང་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཕྱི་དྲོའི་ཕྱག་ཚོད་གསུམ་པ་ནས་ལས་ཁུངས་ཁག་ལས་མཚམས་བཞག་གནང་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་ནས་གནས་ཚུལ་སྤེལ་འདུག སྲི་ཞུའི་ལས་བྱེད་པ་རྣམས་ཚང་འཛོམས་ཐོག་བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོག་སྦྱང་གནང་འདུག
ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁབ་རྒྱུན་ལས་ཁང་གིས་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་མི་སྣ་བཞིའི་གྲས་ནས་གཅིག་ཡིན་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་གཞོན་ལྷན་གྱི་དབུས་རྒྱུན་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་གཞོན་ལྷན་ངོས་ནས་མྱ་ངན་རྗེས་དྲན་དང་གུས་འདུད་ཞུས་པ་དང་ཐུགས་གསོའི་འཚམས་འཕྲིན་གནང་འདུག
ཡང་འདི་ག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་བོད་མིའི་སྤྱི་མཐུན་ཚོགས་པ་དང་ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཟུང་འབྲེལ་སྒོ་ནས་དམ་པ་དེའི་ཆེད་འདི་ཟླའི་ཚེས་༣༡་སྟེ་གཟའ་ལྷག་པ་ལྷ་དཀར་ཉིན་དང་བསྟུན་ནས་འབྲི་གུང་ཆོས་ཀྱི་ཉི་མ་ཚོགས་སུ་སྨོན་ལམ་གསུང་འདོན་གནང་འཆར་འདུག
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།