བོད་མིའི་སྒྲིག་འཛུགས་ཀྱིས་ཀུ་ལུ་མ་ན་ལི་ཁུལ་དུ་ཆུ་རུད་ཀྱི་གནོད་ཐེབས་མི་མང་ལ་རོགས་སྐྱོར་གནང་འདུག

2023.07.14
བོད་མིའི་སྒྲིག་འཛུགས་ཀྱིས་ཀུ་ལུ་མ་ན་ལི་ཁུལ་དུ་ཆུ་རུད་ཀྱི་གནོད་ཐེབས་མི་མང་ལ་རོགས་སྐྱོར་གནང་འདུག ལྡི་ལི་བོད་སྒར་བསམ་ཡད་གླིང་གི་སྲང་ལམ། ༠༧།༡༤།༢༠༢༣
མཐུན་འགྱུར་པར་རིས། ཀླུ་སྒྲུབ།

འདི་ལོའི་སྤྱི་ཟླ་བདུན་པ་ནས་རྒྱ་གར་བྱང་ཕྱོགས་ཁུལ་དུ་བསྟུན་མར་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་རི་ཉིལ་བ་དང་ས་རུད་བྱུང་པ། ཆུ་ལོག་བརྒྱབ་པ་སོགས་ཀྱིས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཕོག་འདུག་པ་མ་ཟད། ཆུ་ལོག་ས་རུད་སོགས་ཀྱི་རྐྱེན་གྱིས་སྤྱི་ཟླ་༧ པའི་ཚེས་༡༠ཉིན་ཧི་མ་ཅལ་མངའ་སྡེའི་ནང་། མི་གྲངས་༧༢རྐྱེན་འདས་སུ་ཕྱིན་ཡོད་པ་མངའ་སྡེ་གཞུང་གིས་བསྒྲགས་འདུག
ཧི་མ་ཅལ་མངའ་སྡེའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་ཚུད་པའི་བོད་མི་གནས་སྡོད་བྱེད་ཡུལ་ས་ཁུལ་མི་འདྲ་བ་༡༤ཡོད་པའི་ཁྲོད། ཀུ་ལུ་མ་ནི་ལི་ཁུལ་གྱི་བོད་མི་གནས་ཡུལ་ས་ཁུལ་ཁག་ཏུ། སྤྱི་ཟླ་༧པའི་ཚེས་༧ནས་བཟུང་ཉིན་གྲངས་བཞི་བསྟུན་མར་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས། བོད་མིའི་སྡོད་ཁང་དང་གཞུང་ལམ་སོགས་ལ་གནོད་སྐྱོན་ཕོག་ཡོད་པར་བརྟེན། འདི་ཚེས་༡༢ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གནོད་ཐེབས་ས་ཁུལ་གྱི་བོད་མི་ཚོར་ཧིན་སྒོར་འབུམ་ལྔའི་རོགས་སྐྱོར་གནང་ཡོད་པ་ཀུ་ལུ་རྫོང་གི་ཁྱབ་ཁོངས་སུ་ཡོད་པའི་དོ་སྤི་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

kullu manali flood.jpg
པར་དབང་། ཀུ་ལུ་ས་གནས་འཐུས་ཚོགས།


ཁོང་གིས་གསུངས་ན། ད་རེས་ཀུ་ལུ་མ་ན་ལི་ཁུལ་དུ་ཆུ་རུད་ཁྲོད་གནོན་སྐྱོན་ཕོག་པའི་བོད་མི་གནས་ཡུལ་ས་ཁུལ་ལྟེ་བ་གསུམ་བྱུང་ཡོད་པ་ལས། ཀུ་ལུ་གཡུ་ལུ་ཁུལ་དང་། དོ་སྦི་བོད་མིའི་གཞིས་ཆགས། དེ་བཞིན་མེལ་ལེ་བཅུ་ལྔའི་གྲོང་ཚོ་བཅས་ཡིན་པ་དང་། ཆར་དུས་ཆུ་རུད་ཀྱི་གོད་ཆགས་ཁྲོད། བོད་མིའི་རྒྱུ་དངོས་དང་སྡོད་ཁང་ལ་གནོད་སྐྱོན་ཕོག་པ་ལས། མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་རིགས་བྱུང་མེད་པ་དང་། ད་ལྟའི་ཆར་ཁུལ་འདིའི་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

Delhi Samyeling flood (2).JPG
ལྡི་ལི་བོད་སྒར་བསམ་ཡས་གླིང་།


དེ་དང་ཕྱོགས་མཚུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་དྲག་ཆར་བསྟུན་མར་བབས་ནས་ཆུ་ལོག་བརྒྱབ་སྟེ། ལྡི་ལི་ཡ་མུ་ན་གཙང་པོ་རྒྱུག་ཡུལ་ཉེ་འཁྲིས་སུ་ཆགས་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དང་། བྷོདྷ་ཝིར་(Budh Vihar)་ཁུལ་དུ་གནས་སྡོད་བོད་མི་ཚོའི་ཟ་ཁང་དང་། མགྲོན་ཁང་། ཁྲོམ་རར་སོགས་ལ་གནོན་སྐྱོན་ཚབས་ཆེན་ཕོག་འདུག་པ་ལས། སྲོག་སྐྱོན་བྱུང་བའི་བོད་མིའི་རིགས་བྱུང་མེད་ཅིང་། བསམ་ཡས་གླིང་གཞིས་སྒར་གྱི་རྒྱ་འཐུས་དངོས་གྲུབ་ཆོས་འཕེལ་ལགས་ཀྱིས། ད་ལྟའི་ཆར་ཁུལ་འདིར་གནས་སྡོད་བོད་མི་ཁག་ཅིག་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བཙན་བྱོལ་བོད་མི་གནས་ཡུལ་ཀུ་ལུ་མ་ན་ལི་དང་། ལྡི་ལི་བཅས་སུ་ཆར་དུས་སུ་ཆུ་ལོག་རྒྱུག་པའི་གནོད་སྐྱོན་ཡང་ཡང་བྱུང་གི་ཡོད་པ་དང་། སྤྱི་ཟླ་༧པའི་ཚེས་༡༢ཉིན་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་གནོད་ཐེབས་མི་མང་རྣམས་ལ་ཐུགས་གསོ་མཛད་དེ་རོགས་དངུལ་ཞལ་འདེབས་གསོལ་སྩལ་གནང་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎