དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་དམངས་གཙོ་དུས་དྲན་ཐེངས་༧༠པ་སྲུང་བརྩི་ཞུས་གནང་ཡོད་པ།


2019.01.26
འབྲེལ་ཡོད་གནས་ཚུལ་འདི་གའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་དམངས་གཙོའི་དུས་དྲན་ཐེངས་༧༠པ་སྲུང་བརྩི་ཞུས་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་འོད་ཟེར།

༄༅། །ཕྱི་ཟླ་དང་པོའི་ཚེས་༢༦ གི་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་གནད་ཡོད་གཞུང་ཞབས་ཁག་ཅིག་བཀའ་ཤག་གི་མདུན་ཐང་དུ་ལྷན་འཛོམས་ཀྱིས། རྒྱ་གར་རྒྱལ་ཁབ་ཀྱི་རྒྱལ་གླུ་གཏོང་བཞིན་རྒྱ་གར་གྱི་རྒྱལ་དར་འགྲེངས་བཙུགས་གནང་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་གི་སྐུ་ཚབ་ནང་སྲིད་བཀའ་བློན་མཆོག་གིས། དེ་རིང་རྒྱ་གར་མང་གཙོའི་ངོ་བོར་གྱུར་པའི་ཉིན་མོ་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༤༧ ཕྱི་ཟླ་༨ པའི་ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་པའི་རྗེས་ཏེ་ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་གནང་བའི་ཉིན་མོ་དེ་ནས་བཟུང་ཉིན་མོ་ནི། རྒྱ་གར་གྱི་དམངས་གཙོའི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་སྲུང་བརྩི་ཞུ་ཡི་ཡོད་རེད། བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་མི་དམངས་གཉིས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་གནང་ཡོད་པ་རེད། དེ་རྗེས་བཀའ་ཤག་གི་མཇལ་འཕྲད་ཁང་ནང་རྟེན་འབྲེལ་གསོལ་ཇ་དང་མངར་ཟས་བཤམས་ཏེ་མཛད་སྒོ་ཚོགས་ཡོད་པ་རེད།
དེ་བཞིན་ཉིན་དེའི་སྔ་དྲོ་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་ཧི་མ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱིས་རྡ་རམ་ས་ལའི་ཉེན་རྟོག་ལས་ཁང་གི་ཐང་ཆེན་དུ། རྒྱ་གར་དམངས་གཙོའི་དུས་ཆེན་གྱི་མཛད་སྒོ་གོི་སྒྲིག་གནང་བའི་ཐོག་བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་མཆོག་དང་། དཔལ་འབྱོར་བཀའ་བློན་མཆོག་སོགས་སྐུ་ཚབ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་ཤིང་ནགས་དང་འགྲིམས་འགྲུལ། ན་གཞོན་རྩེད་རིགས་ལྷན་ཁང་གི་བློན་ཆེན་སྐུ་ཞབས་Govind Thakur མཆོག་གིས་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་གནང་བ་དང་དུས་མཚུངས་ཉེན་རྟོག་རུ་ཁག་དང་སློབ་ཕྲུག་རྣམས་ཀྱིས་རུ་སྒྲིག་བཏང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་པ་སོགས་མཛད་སྒོ་ཚོགས་ཡོད་པ་རེད།།

གཡུ་སྒྲོན་དང་བློ་བཟང་དགེ་ལེགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎