ཟི་ལིང་དུ་ཏོག་དབྱིབས་ནད་ཡམས་ཕོག་མཁན་ཁ་ཤས་བྱུང་བར་བརྟེན་ཁྱིམ་སྡོད་བཀག་རྒྱ་བསྡམས་འདུག
བོད་མི་མང་པོ་གནས་སྡོད་བྱེད་ཡུལ་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པ་མི་ཁ་ཤས་བྱུང་བར་བརྟེན་ཡང་བསྐྱར་གློ་བུར་ཁྱིམ་སྡོད་བཀག་རྒྱ་བསྡམས་འདུག
འདི་ཚེས་༢༠ཉིན། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་ཤིང་ཏོག་ཚོང་རྭ་ཞིག་ནས་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པའི་མི་ཁ་ཤས་ཐོན་པར་བརྟེན། སྤྱི་ཚེས་༢༡ཉིན་གྱི་ཉིན་རྒྱབ་ནས་ཟི་ལིང་གྲོང་ཁྱེར་གྱི་ས་གནས་ཁག་མང་པོའི་ནང་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འགྲོ་བསྐྱོད་དམ་དྲག་བྱས་འདུག ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་ཡམས་གནས་སྟངས་སྔོན་འགོག་དོ་དམ་ལས་དོན་བཀོད་སྒྲིག་ཁང་ཟེར་བས་སྤྱི་ཟླ་༡༠པའི་ཚེས་༢༠ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་ཁྲིན་པེ་ས་ཁུལ་ནས་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་པ་གསུམ་བྱུང་བ་དང་། ཟི་ལིང་གྲོང་ཁྱེར་ནང་མང་ཚོགས་ཀྱི་དཀྱིལ་ནས་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ཁྲོད། དེ་ནི་ཞིང་ཆེན་གཞན་ནས་ཟི་ལིང་ལ་ཤིང་ཏོག་དང་ཚལ་རིགས་འོར་འདྲེན་བྱེད་མཁན་ནས་བྱུང་བ་དང་། དེ་མ་ཐག་འབྲེལ་ཡོད་ཚོང་ར་དེ་དག་གནས་སྐབས་སྒོ་རྒྱབ་པ་དང་། ཚེས་༢༡ཉིན་གྱི་ཉིན་རྒྱབ་ནས་ཟི་ལིང་གྲོང་ཁྱེར་ནང་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འགྲོ་བསྐྱོད་དམ་དྲག་བྱས་ཡོད་པ་རེད།
ཟི་ལིང་དུ་གནས་སྡོད་བོད་མི་ཁག་ཅིག་གིས་དེ་གོ་མ་ཐག་སྔོ་ཚལ་ཉོ་བར་སྐབས་སྔོ་ཚལ་ཉོ་མཁན་ཧ་ཅང་མང་དྲགས་པ་དང་། འཚང་ཁ་ཆེ་བ་སྔོ་ཚལ་སོགས་འཕྲོག་རེས་བྱས་ནས་འཁྲུག་རྩོད་ཤོར་བཞིན་པ་དངོས་སུ་མཐོང་ཡོད་པ་བརྗོད་བྱུང་།
ཡང་བོད་མི་གཞན་ཞིག་གིས་ཁོང་ཚོའི་རྭ་སྐོར་ནང་བུད་མེད་རྒན་རྒོན་ཞིག་ན་ཚ་རྙིང་པ་ལྗིད་པོ་ཞིག་ཕོག་ཡོད་པས་སོ་སོའི་ནང་མགོ་ལོག་ལ་འགྲོ་ཐབས་བྱས་ཀྱང་གློ་བུར་བཀག་སྡོམ་རྐྱེན་འགྲོ་ཐུབ་ཀྱི་མེད་པར་ལུས་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་ཞིག་གི་ནང་། སྤྱི་ཚེས་༢༡ཉིན་ནས་ཏོག་དབྱིབས་ནད་ཡམས་ཕོག་མིན་གྱི་བརྟག་དཔྱད་ནང་ཁྱིམ་སྡོད་ཟུར་བཀག་མི་སྣ་ཚོ་ཚུད་མི་དགོས་པ་ལས་གཞན་ཟི་ལིང་དང་། སྐུ་འབུམ། གསེར་ཁོག་རྫོང་། སྟོང་སྐོར་རྫོང་སོགས་སུ་གནས་སྡོད་མི་ཆ་ཚང་ནད་ཡམས་བརྟག་དཔྱད་ཀྱི་ལས་གཞིའི་ནང་ཚུད་དགོས་པ་བརྗོད་པ་དང་སྤྲགས། ས་གནས་ཁག་སོ་སོར་ཉེན་ཁ་ཆེ་འབྲིང་ལྟར་དབྱེ་ནས་ཉེན་ཁ་ཆེ་བའི་ས་ཁུལ་ནང་མི་སུ་གང་སྒོ་ལ་འགྲོ་མི་ཆོག་པ་དང་། དེའི་ཚབ་ཏུ་སྒོ་ལ་ཞབས་ཞུ་ལ་སོགས་ཀྱི་བཀག་བསྡོམས་ཀྱི་ལས་དོན་དང་། དུས་ཚོད་གཏན་ཁེལ་ལྟར་གནས་སྡོད་ཡུལ་མི་ཚོར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
ཉེ་ཆར་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་ཤིན་ཅང་ནང་དང་། བོད་ཀྱི་ས་ཁུལ་ཁག ཀན་སུའུ། ཧྲན་ཤེ་བཅས་ཟི་ལིང་གི་མཐའ་འཁོར་ཞིང་ཆེན་ཁག་ནང་ཏོག་དབྱིབས་ནད་ཡམས་མུ་མཐུད་ཁྱབ་གདལ་ཆེ་རུ་འགྲོ་བཞིན་ཡོད་པ་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་བཀོད་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།