ཉིན་གཉིས་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་བ་མི་གྲངས་༡༦འཕར་ཡོད་འདུག
ཉེ་བའི་ཉིན་གཉིས་རིང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་འབོར་ནམ་རྒྱུན་ལྟར་བསྒྲགས་མེད་ཀྱང་སྤྱི་ཚེས་༡༧དང་༡༨གཉིས་རིང་མི་གྲངས་༡༦འཕར་བ་བསྒྲགས་འདུག
ཉེ་བའི་ཟླ་བ་གཉིས་ལྷག་རིང་རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཉིན་ལྟར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཚན་པས་ཉིན་ལྟར་གྲངས་འབོར་ཕྱི་བསྒྲགས་བྱེད་བཞིན་ཡོད་ཀྱང་། འདི་ཚེས་༡༥དང་༡༦ཉིན་གཉིས་རིང་གསར་ལམ་ཁག་ནང་རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་༢༠བའི་སྐོར་རྐྱང་བཀོད་པ་ལས་ནམ་རྒྱུན་ལྟར་གྲངས་འབོར་བསྒྲགས་པ་མཐོང་རྒྱུ་མེད་པ་རེད། ཡིན་ན་ཡང་སྤྱི་ཚེས་༡༧དང་༡༨གཉིས་རིང་ཏོག་དབྱིབས་ནད་ཡམས་འགོས་པའི་མི་གྲངས་༡༦འཕར་བ་བསྒྲགས་འདུག དེ་ལྟར་རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་འབོར་ལྟར་ན། སྤྱི་ཚེས་༡༩བར་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༥༩༧ཟིན་ཡོད་ལ། བོད་ཀྱི་རྒྱལ་ས་ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་འདི་ཚེས་༡༩བར་ཉིན་གྲངས་༦༨ཕྱིན་ཡོད།
རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༡༤ཉིན་གྱི་ཉིན་རྒྱབ་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་མི་གྲངས་༢དང་། ནད་རྟགས་མ་མངོན་པ་༨བྱུང་བ་དང་། སྤྱི་ཚེས་༡༧ཉིན་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་མི་གྲངས་༢དང་། ནད་རྟགས་མ་མངོན་པ་༦། སྤྱི་ཚེས་༡༨ཉིན་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་མི་གྲངས་༢དང་། ནད་རྟགས་མ་མངོན་པ་༦བཅས་བྱུང་བ་བསྒྲགས་འདུག་ནས། ད་དུང་ཡང་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་འབྲིང་ཁུལ་ས་གནས་ཁག་༣ཡོད་པ་བསྒྲགས་འདུག
ལྷ་ས་ནས་ས་གནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ལྷ་སར་ཁྱིམ་སྡོད་བཀག་རྒྱ་བསྡམས་པ་ད་དུང་ཡང་གློད་མེད་པ་དང་། ཉིན་ཤས་གོང་ནས་བཀག་རྒྱ་དེ་ཅུང་ལྷོད་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་ནང་ཁྱིམ་ཚང་རེ་ནས་མི་རེ་ཆུ་ཚོད་གཅིག་རེ་ཕྱི་ལ་འགྲོ་བསྐྱོད་ཆོག་པ་བཟོས་འདུག ཡིན་ན་ཡང་དེ་ལ་ཕྱིར་ཐོན་ཐོ་འགོད་ལག་འཁྱེར་སྤྲད་པ་གཞིར་བཟུང་སོ་སོ་གནས་སྡོད་བྱེད་སའི་གྲོང་ཁུལ་མ་གཏོགས་གཞན་ལ་བསྐྱོད་ཆོག་གི་མེད་པར་མུ་མཐུད་དུ་དམ་དྲག་ཡོད་པ་བརྗོད་བྱུང་།
གནད་དོན་དབྱེ་ཞིབ་པས་གསར་ལམ་ཁག་ལ་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཙོས་རྒྱ་ནག་གི་ས་གནས་གང་སར་ནད་ཡམས་རྩ་མེད་བཟོ་བ་ཟེར་བའི་སྲིད་ཇུས་ལག་བསྟར་བྱས་ནས་ཚད་ལས་བརྒལ་བའི་དམ་དྲག་དང་བཀག་སྡོམ་བྱེད་བཞིན་པ་ནི། ནད་ཡམས་ཀྱི་གནད་དོན་གཅིག་པོ་མ་ཡིན་པར་རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་སྐབས་ཆབ་སྲིད་ཀྱི་ངོ་རྒོལ་ཟིང་འཁྲུག་རིགས་འགོག་ཐབས་སུ་བེད་སྤྱོད་གཏོང་བཞིན་པ་ཚོད་དཔག་བྱས་ནས་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད།
རྒྱ་ནག་དམར་ཤོག་ཏང་གི་ཚོགས་ཆེན་ཐེངས་༢༠པ་དེ་ཕྱི་ཟླ་༡༠ཚེས་༡༦ཉིན་ནས་འགོ་བཙུགས་ཏེ་ཉིན་གྲངས་བཅུའི་རིང་པེ་ཅིང་དུ་འཚོགས་བཞིན་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།