བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་བསྡོམས་འབོར་ཁྲི་བརྒལ་འདུག
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༣༡ཉིན་རྒྱབ་བར།
ས་གནས། | སྔར་ཡོད། | འཕར་གྲངས། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༡༠༢༩༥ | ༢༤༨ | ༣༣ | ༢༡༥ | ༡༠༥༤༣ |
བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༣༠ཉིན།
ས་གནས། | སྔར་ཡོད། | འཕར་གྲངས། | ནད་རྟགས་ཅན། | ནད་རྟགས་མི་མངོན་པ། | ཁྱོན་བསྡོམས། |
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། | ༩༥༧༦ | ༧༡༩ | ༤༥ | ༦༧༤ | ༡༠༢༩༥ |
བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ཀྱི་ས་ཁུལ་གང་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༣༡ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ནད་རྟགས་ཅན་༣༣མང་དུ་ཕྱིན་པ་ནས་ལྷ་ས་གྲོང་ཁྱེར་དུ་༡༣དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡། ཆབ་མདོ་གྲོང་ཁྱེར་དུ་༡༣། ནག་ཆུ་གྲོང་ཁྱེར་དུ་༦བཅས་ཐོན་ཡོད་པ་དང་། ནད་རྟགས་མི་མངོན་པའི་ནད་པ་༢༡༥མང་དུ་ཕྱིན་ཡོད་པ་ནས། ལྷ་ས་གྲོང་ཁྱེར་དུ་༡༡༩དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡། ཆབ་མདོ་གྲོང་ཁྱེར་དུ་༢། ནག་ཆུ་གྲོང་ཁྱེར་དུ་༨༠། མངའ་རིས་ས་ཁུལ་དུ་༡༣བཅས་ཐོན་འདུག གཞན་སྔར་ཉིན་སྤྱི་ཚེས་༣༠ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༤༥མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༦༧༤མང་དུ་ཕྱིན་ཡོད་པ་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བསྒྲགས་འདུག་པ་བསྡོམས་ན། འདི་ཚེས་༣༡ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༠༥༤༣ ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། འདི་ཚེས་༣༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༤༨༩དང་། ཉེན་ཁ་འབྲིང་ཁུལ་༡༥༨ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མང་པོ་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ནས་ད་ལྟའི་བར་ཉིན་གྲངས་༢༠ལྷག་འགྲོ་བཞིན་ཡོད་པ་དང་། དམ་དྲག་དང་གནས་ཚུལ་བཀག་བསྡོམས་ཀྱི་རྐྱེན་གྱིས་ཕྱི་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་ན་ཡང་། ས་གནས་མི་མང་ནད་པ་ཚོ་ལོགས་སུ་ཁང་པ་ཆེན་པོའི་ནང་ཟུར་བཀག་བྱས་བ་ཙམ་ལས་ལྟ་རྟོགས་བྱེད་མཁན་མེད་པ་དང་། ཟས་རིགས་དང་ཉིན་རེའི་འཚོ་བའི་མཐུན་རྐྱེན་ཐད་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་པར་དང་བརྙན་སོགས་མང་པོ་མཐོང་རྒྱུ་འདུག
རྒྱ་ནག་གི་གསར་འགྱུར་ལྟར་ན། ཚེས་༣༠ཉིན་གྱི་ཆུ་ཚོད་༢༤བར། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་ཟིན་པའི་མི་༣༤༤དང་། འབྲེལ་འདྲིས་དམ་ཟབ་བྱུང་མཁན་མི་༡༩༦༦༨ལ་གཅིག་སྡུད་ལོགས་འཇོག་གི་བརྟག་དཔྱད་བྱེད་མཚམས་བཞག་པ་དང་། མིག་སྔར་མི་༦༡༥༩༥གཅིག་སྡུད་ལོགས་འཇོག་གི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་བསྒྲགས་འདུག
ཚེས་༣༡ཉིན་རྒྱ་ནག་རྒྱལ་ཡོངས་ནང་ནས་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་མང་ཤོས་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཡིན་པ་ཁྱོན་ས་ཁུལ་༥༨༢ཡོད་པ་དང་། ཤིན་ཅང་ནང་ས་ཁུལ་༢༦༤ཡོད་པ་བསྒྲགས་འདུག
གཞན་ཟི་ཁྲོན་ཁྲིན་ཏུའུ་ཕྱོགས་སུ་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༢༧༦ཐོན་ཡོད་པ་ནས་མི་གྲངས་༢༡༡ཁྲིན་ཏུའུ་ནས་ཡིན་པ་དང་། ད་བར་ཁྱོན་ཡོངས་ནས་ཁྲིན་ཏུའུ་རུ་ཏོག་དབྱིབས་ནད་ཡམས་འགོས་པ་མི་གྲངས་༥༠༠བྱུང་འདུག་ཡོད་འདུག་ལ། རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་རྩ་མེད་ཟེར་བའི་སྲིད་ཇུས་འོག་རྒྱ་ནག་ལྷོ་བྱང་ཟི་ཁྲོན་(Sichuan)་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་རྩེད་ཐང་དང་། འཁྲབ་སྟོན་ཁང་། སློབ་གྲྭ་སོགས་ཡོངས་སུ་སྒོ་རྒྱབ་པ་དང་། གྲོང་ཁྱེར་དེའི་ནང་གི་མི་འབོར་ས་ཡ་༢༡ཡོད་པ་རྣམས་ཡོངས་སུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་རེས་གཟའ་མིག་མར་ཉིན་བརྡ་ཁྱབ་གསར་པ་ཞིག་བཏང་ནས་དམ་དྲག་བྱེད་བཞིན་པ་དང་། གནས་སྟངས་དེའི་འོག་གྲོང་ཁྱེར་གྱི་གྲོང་མི་ཚོར་བཟའ་བཅའ་སོགས་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་འདུག
ཁྲིན་ཏུའུ་གྲོང་ཁྱེར་ནང་གཏན་སྡོད་བོད་མི་ཚོང་པ་དང་། སློབ་མ་སོགས་མང་པོ་ཡོད་པ་རེད།
འདི་ཚེས་༣༠ ཉིན་གྱི་ཆུ་ཚོད་༠ནས༢༤བར། ཟི་ལིང་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་དུག་འགོས་མཁན་༢༡བྱུང་ཡོད་པ་དང་། གཞན་བོད་ཀྱི་ས་ཁུལ་མཚོ་སྔོན་ཡུལ་ཤུལ་དང་། རྨ་ལྷོ། ཟི་ཁྲོན་རྔ་བ། དཀར་མཛེས་རྫོང་བཅས་ས་ཁུལ་གཞན་དུ་ཡང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་འགྲོ་བཞིན་པས། ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡུལ་མི་ཚོའི་འགྲོ་འོང་དང་འདུ་འཛོམས་སོགས་ལ་ཚོད་འཛིན་དང་སྟངས་འཛིན་མུ་མཐུད་བྱེད་མུས་ཡིན་པའི་གནས་ཚུལ་ཐོན་འདུག
དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་(COVID 19)་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་དབང་གིས་རེས་གཟའ་མིག་དམར་ནས་བཟུང་ནད་ཡམས་སྔོན་འགོག་ཆེད་དམ་དྲག་ཤུགས་ཆེ་བྱེད་རྒྱུ་ཡིན་པའི་བཀའ་རྒྱ་བཏང་ཡོད་པ་པེ་ཅིང་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།