བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ་སོགས་ཀྱི་ནང་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༣༦༩༥ཟིན་འདུག

2022.08.18
བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ་སོགས་ཀྱི་ནང་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༣༦༩༥ཟིན་འདུག ལྷ་སར་མི་ཚོ་ཕྱིར་འགྲོ་འོང་མི་ཆོག་པའི་བཀག་རྒྱ་བསྡམས་ཡོད་པའི་རྣམ་པ། ༠༨།༡༦།༢༠༢༢
བོད་འབྱོར།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༡༨ཉིན།

ས་གནས། སྔར་ཡོད། འཕར་བ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ། ༢༩༡༡ ༧༨༤ ༣༦༩༥


ཕྱི་ཟླ་༨ཚེས་༡༨བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་པ་ཁྱོན་མི་༣༦༩༥བྱུང་འདུག་ཅིང་། ཡང་འགོས་ནད་ཕོག་པའི་ཟུར་བཀག་སྨན་བཅོས་བྱ་ཡུལ་ནས་རིམ་པས་དྲག་སྐྱེད་འབྱུང་བཞིན་ཡོད་ལུགས་བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ལས་ཁང་གིས་བརྗོད་འདུག
བོད་ཀྱི་རྒྱལ་ས་ལྷ་སར་གྲོང་མི་ཚོ་ཛ་དྲག་གི་གནད་དོན་ཡོད་ན་མ་གཏོགས་ཕྱིར་ཐོན་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དེ། སྔོན་འཆར་ལྟར་ན། ཕྱི་ཚེས་༡༨ཉིན་མཇུག་བསྒྲིལ་གྱི་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་གྱི་ཏོག་དབྱིབས་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ཟེར་བས།་ཕྱི་ཟླ་༨ཚེས་༡༨ཀྱི་ཐོ་རེངས་ཆུ་ཚོད་༣པ་ནས་འགོ་བཙུགས་ཏེ་སྐབས་འཕྲལ་རང་བཞིན་གྱི་སྤྱི་ཚོགས་ལྟ་སྡོམ་བྱེད་པའི་དུས་ཚོད་དེ་མུ་མཐུད་ཕྱི་ཟླ་༨ཚེས་༢༡གི་ཐོ་རེངས་ཆུ་ཚོད་༣པའི་བར་ནར་འགྱངས་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག
དེ་བཞིན་གསལ་བསྒྲགས་དེའི་ནང་། ལྷ་སའི་གྲོང་ཁུལ་གཙོ་བོར་སྡེ་ཁུལ་དྲ་མིག་ཅན་གཞི་རྩའི་སྡེ་ཚན་དུ་བྱས་ཏེ། མི་ཚང་མར་མྱུར་ཞིང་གནད་ལ་འཕིགས་པའི་ཉིང་སྐྱུར་བརྟག་དཔྱད་དང་ལེབ་བཤེར་བྱ་རྒྱུ་གཏན་འཁེལ་བྱས་ཡོད་ཅེས་ཀྱང་བརྗོད་འདུག

ཡང་དབྱིན་ཡིག་ཐོག་གི་རྒྱ་ནག་ཉིན་རེའི་གསར་ཤོག་གི་དྲ་རྒྱའི་ཐོག་ཕྱི་ཚེས་༡༨ཉིན་གནས་ཚུལ་བཀོད་པར་གཞིགས་ན། ལྷ་ས་ནས་རྒྱ་ནག་གི་ས་ཁུལ་མི་འདྲ་བ་ཁག་དྲུག་གི་ནང་མེ་འཁོར་རི་ལིའི་བརྒྱུད་འབྱོར་བའི་འགྲུལ་པ་མི་གྲངས་བརྒྱད་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་བརྗོད་འདུག་ཅིང་། མི་དེ་དག་གཟའ་བ་དང་མིག་དམར། ལྷག་པ་སོ་སོར་ལྷ་ས་ནས་མེ་འཁོར་བརྒྱུད་རྒྱ་ནག་ཏུ་འབྱོར་བ་ཤ་སྟག་ཡིན་འདུག་པ་དང་། རྒྱ་ནག་གཞུང་གི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་སྔོན་འགོག་དང་སྟངས་འཛིན་ལས་དོན་ཁང་གིས་འགྲུལ་པ་མི་བརྒྱད་པོ་དེ་དག་ལ་ཏོག་དབྱིབས་རིམས་ནད་རི་ལིའི་ནང་འགྲིམ་གྲུལ་བྱས་སྐབས་འགོས་པ་ཡིན་པ་བརྗོད་འདུག
ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། མངའ་རིས་དང་སྟོད་གངས་རིན་པོ་ཆེ་སོགས་བོད་ཀྱི་ས་གནས་མང་པོའི་ནང་རྒྱ་མི་ཡུལ་སྐོར་བ་ཧ་ཅང་གི་མང་པོ་སླེབས་ཡོད་ཅིང་། གཟའ་འཁོར་གཉིས་ཀྱི་སྔོན་བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་བྱུང་རྗེས། རྒྱ་མི་ཁྲི་ཚོ་མང་པོ་གནམ་གྲུ་དང་མེ་འཁོར། སྒེར་འཁོར་སོགས་བརྒྱུད་རྒྱ་ནག་ཏུ་ཕྱིར་ལོག་ཐབས་བྱེད་བཞིན་ཡོད་འདུག འོན་ཀྱང་མི་སུ་ཞིག་བརྒྱུད་ལམ་གང་ཞིག་གི་ཐོག་ནས་བོད་ནས་རྒྱ་ནག་ཏུ་ཐོན་ཐབས་བྱས་ཀྱང་། ཚོུད་ ༢༤ ནང་ཚུད་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་ཐེངས་གཉིས་བྱེད་དགོས་ཀྱི་ཡོད་ལ། རིམས་ནད་འགོས་མེད་པའི་དཔང་རྟགས་ཡི་གེ་མེད་ཚེ་འགྲིམ་གྲུལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎