རིམས་ནད་ཁྱབ་གདལ་སྐབས་བོད་མི་ཚོས་༧གོང་ས་མཆོག་ལ་གསོལ་འདེབས་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་བྱེད་བཞིན་འདུག

རིམས་ནད་ཁྱབ་གདལ་སྐབས་བོད་མི་ཚོས་༧གོང་ས་མཆོག་ལ་གསོལ་འདེབས་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་བྱེད་བཞིན་པ།
རིམས་ནད་ཁྱབ་གདལ་སྐབས་བོད་མི་ཚོས་༧གོང་ས་མཆོག་ལ་གསོལ་འདེབས་ཆེད་དྲ་ལམ་ཁག་ཏུ་སྐུ་པར་བརྒྱུད་སྤེལ་བྱེད་བཞིན་པ། (བོད་འབྱོར།)

ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་ཁག་ཅིག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར། ཕྱི་ཚེས་༡༥ཉིན་གྱི་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་དང་པོ་བར་བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་རྟགས་ཅན་མི་གྲངས་༡༤༨༦ཟིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
བོད་མི་ཚོས་རིམས་ནད་ཁྱབ་གདལ་གྱི་སྐབས་འདིར་སྤྱི་ཚོགས་དྲ་ལམ་ཁག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མང་པོ་བརྒྱུད་སྤེལ་དང་རིམས་ནད་མྱུར་དུ་ཞི་བའི་གསོལ་འདེབས་ཞུ་བཞིན་པ་དང་། ༧གོང་ས་མཆོག་ལ་བསྟོད་པའི་གླུ་གཞས་མང་པོ་བརྒྱུད་སྤེལ་བྱས་པ་མཐོང་རྒྱུ་འདུག་ན་ཡང་། ཕྱི་ཚེས་༡༣ཉིན་ནས་རྒྱ་ནག་གཞུང་གིས་སྐུ་པར་བརྒྱུད་སྤེལ་རིགས་བཀག་བསྡོམས་བྱས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་སྔར་བཞིན་དྲ་ལམ་ཁག་ཏུ་པར་རིས་དང་གནས་ཚུལ་གང་བྱུང་ཁྱབ་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག་ཅིང་། ཕྱི་ཚེས་༡༥ཉིན་རིམས་ནད་སྐོར་དཀྲོག་གཏམ་སྤེལ་སྐོར་བརྗོད་ནས་ལྷ་ས་ནས་མི་བཞི་དང་། ཆབ་མདོ་ནས་མི་གཅིག་བཀག་ཉར་གྱིས་འདྲི་རྩད་བྱས་སྐོར་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་འདུག
ཟླ་བ་འདིའི་ཚེས་༡༥ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པ་བར་རྒྱལ་ས་ལྷ་སའི་གྲོང་ཁུལ་གཙོ་བོར་དུག་སེལ་དོ་དམ་བྱེད་པའི་དུས་ཚོད་འདི་ཚེས་༡༨ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པ་བར་ནར་འགྱངས་བྱས་ཡོད་པས། དུས་ཚོད་དེའི་རིང་དམིགས་བསལ་དང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་མེད་ཚེ། ཕྱིར་མི་བསྐྱོད་པ་དང་། ཕན་ཚུན་འགྲོ་རེས་མི་བྱེད་པ། འདུ་འཛོམས་མི་བྱེད་པའི་བཀོད་ཁྱབ་བཏང་འདུག་ལ། ལྷ་སའི་སྣེའུ་གྲོང་ཁུལ་གསར་པར་ཆེད་མངགས་བཙུགས་པའི་ནད་པ་གསོག་འཇོག་གི་སྨན་བཅོས་བྱེད་ཡུལ་དུ་ནད་པ་མང་རུ་འགྲོ་བཞིན་ཡོད་འདུག་ལ། ནག་ཆུ་ཁུལ་དུ་ཆབ་སྲིད་སྐུལ་སློང་གི་བཀའ་རྒྱ་ཟེར་བ་བཏང་འདུག
ཚེས་༡༥ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་པ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་འགོས་ནད་ཕོག་པ་ཁྱོན་༡༤༨༦བྱུང་ཡོད་པའི་ཁོངས་སུ། ནད་རྟགས་ཐོན་པའི་མི་༡༦༠དང་ནད་རྟགས་མི་མངོན་པའི་མི་༡༣༢༦བྱུང་ཡོད་པ་བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་བདེ་ཐང་ཚན་པ་ནས་འགྲེལ་བརྗོད་བྱས་འདུག་ལ། ལྷ་སར་དམ་དྲག་ལ་མ་བལྟོས་པར་མི་གཉིས་ཕྱིར་བསྐྱོད་པའི་དབང་གིས་རྒྱ་ནག་གི་མི་དམངས་ཤོག་སྒོར་༢༠༠ཡི་ཆད་པ་བཅད་ཡོད་འདུག
ནག་ཆུའི་གསེར་རྙེད་ཁུལ་དུ་ཚེས་༡༥ཡི་ཆུ་ཚོད་ལྔ་པ་ནས་ཕྱི་ཕྱོགས་ལ་འབྲེལ་བ་མེད་པར་སྒོ་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་དང་། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཚན་པས་རིམས་ནད་སྔོན་འགོག་དོ་དམ་གྱི་ལས་དོན་ཐོག་ནས་ཆབ་སྲིད་ཀྱི་སྐུལ་སློང་བཀའ་རྒྱ་ཞིག་བཏང་ཡོད་པའི་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རིམས་ནད་སྔོན་འགོག་ཐད་ཆབ་སྲིད་ཀྱི་ལས་འགན་འཁུར་དགོས་པ་དང་། ཆོད་སེམས་བརྟན་པོའི་ཐོག་ནས་དམར་ཤོག་ཚོགས་པའི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་གི་སྟོགས་ཤུགས་ཆེ་རུ་གཏོང་དགོས་པ་སོགས་བརྗོད་འདུག
གཞན་ཡང་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་འགོས་ནད་ཁྱབ་གདལ་ཕྱིན་པའི་སྐབས་འདིར། གཞུང་ཕྱོགས་ཀྱིས་ཞལ་འདེབས་འདུ་རུབ་ཀྱི་ལས་འགུལ་ཞིག་བཞིན་ཡོད་པ་དང་། རྒྱ་ནག་ནས་ཁ་པར་ཐོག་ཏོག་དབྱིབས་འགོས་ནད་ཀྱི་སྔོན་འགོག་དང་ལས་དོན་ཐད་ཞལ་འདེབས་འདུ་རུབ་བྱེད་མཁན་ཡིན་ཁུལ་གྱིས་མང་ཚོགས་བསླུ་བྲིད་དང་མགོ་སྐོར་བཏང་པའི་གནས་ཚུལ་མང་པོ་ཐོན་བཞིན་ཡོད་པ་བརྗོད་ཀྱི་འདུག་ལ། བོད་ཀྱི་རྒྱལ་ས་ལྷ་སའི་སྣེའུ་གྲོང་ཁུལ་གསར་པའི་ལུས་རྩལ་རྩེད་ཐང་རྭ་བར་ཆེད་མངགས་བཙུགས་པའི་ནད་པ་གསོག་འཇོག་གི་སྨན་བཅོས་བྱེད་ཡུལ་དུ་ནད་པ་མང་རུ་འགྲོ་བཞིན་ཡོད་སྟབས། དེར་ནད་པའི་ཉལ་ཁྲི་༢༠༠༠ཙམ་གྲ་སྒྲིག་བྱས་ཡོད་སྐོར་བརྗོད་བྱུང་།
གཞན་ཡང་བོད་ནང་གི་མཚོ་ནུབ་ཁུལ་དང་མཚོ་ལྷོ། ཟི་ལིང་། རྨ་ལྷོ་བཅས་མཚོ་སྔོན་ཞིང་ཆེན་ཡོངས་སུ་ནད་རྟགས་ཡོད་པ་༡༧གསར་དུ་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་རིམས་ནད་བཀག་འགོག་འཐུས་ཤོར་བཏང་སྐོར་བརྗོད་ནས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཁང་གི་འགན་འཛིན་གཞོན་པ་ཧྥན་ཡོ་ཕིང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ལས་ཁུངས་འགན་འཛིན་ཚེ་བརྟན་སྒྲོལ་དཀར། གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྡེ་ཚན་འགན་འཛིན་ཨ་མི་བཅས་ལས་བྱེད་གསུམ་གནས་དབྱུང་དང། དེ་བཞིན་གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་སློབ་སྟོན་པ་གཞོན་པ་ཏེང་ཁོའོ་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་གི་འགན་འཛིན་གཞོན་པ་ཕུར་ཚེ། བསམ་གྲུབ་རྩེའི་དམར་ཤོག་དྲུང་ཆེ་གཞོན་པ་བུ་ཆུང་། སྐྱིད་གྲོང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བུ་ཆུང་། འབྲོང་པ་རྫོང་སྲིད་གཞུང་གི་མི་རྫོང་དཔོན་གཞོན་པ་པད་སྒྲོན་བཅས་ཁྱོན་བོད་རིགས་ལས་བྱེད་དྲུག་དང་རྒྱ་རིགས་ལས་བྱེད་གཉིས་གནས་དབྱུང་བཏང་ཡོད་སྐོར་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། ད་ལྟའི་བར་བོད་མདོ་དབུས་ཁམས་གསུམ་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བའི་གྲངས་འབོར་ནང་། ལྷ་ས་གྲོང་ཁྱེར་ནང་༥༠༨དང་། གཞིས་ཀ་རྩེ་རུ་༤༣༦། ཉིང་ཁྲི་གྲོང་ཁྱེར་དུ་༤༡། མངའ་རིས་ས་ཁུལ་དུ་༡༣༦། ལྷོ་ཁ་རུ་༥༠། ཆབ་མདོ་གྲོང་ཁྱེར་ནང་༥། གཞན་ཡང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཚ་འདམ་གཞོང་དུ་༣དང་ཏུའུ་ལན་དུ་༣། གཏེར་ལན་ཁ་རུ་༢། ན་གོར་མོ་རུ་༡། གུང་ཧོ་རྫོང་དུ་༤། མཚོ་ཤར་ཁུལ་མིན་ཧི་རྫོང་དུ་༡། རྨ་ལྷོ་ཁུལ་ཐིན་རིན་གྲོང་ཁྱེར་༢། སྐྱེ་དགུ་མདོ་གྲོང་ཁྱེར་དུ་༡ གཞན་ཀན་ལྷོ་འམ་མདོ་ལྷོ་ཕྱོགས་སུ་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་༤༡ཡོད་པ་ནས་བསང་ཆུ་རྫོང་དུ་༣༢དང་རྨ་ཆུ་རྫོང་དུ་༩ཡོད་ལ། ནད་རྟགས་མེད་པའི་ནད་པ་༤༨༡་བྱུང་བ་ནས་བསང་ཆུ་རྫོང་དུ་༤༦༩དང་རྨ་ཆུ་རྫོང་དུ་༡༢བཅས་ཡོད་པ་གསལ་འདུག
ནད་རྟགས་ཅན་མང་ཤོས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཡིན་པ་དང་། ལྷ་ས་གྲོང་ཁྱེར་ནང་མི་གྲངས་བཅད་བགོས་ཀྱིས་ཉིན་ལྟར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།