རྒྱ་ནག་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་སྟོང་ཚོ་བརྒལ་བ་ཕྱིར་ལོག་མ་ཐུབ་པར་འགག་ཡོད་པ།
The Guardian ཞེས་པའི་གསར་ཤོག་ནང་གནས་ཚུལ་ཐོན་པར་གཞིགས་ན།
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་བའི་རྗེས་རྒྱ་ནག་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་སྟོང་ཚོ་བརྒལ་བ་ཕྱིར་ལོག་མ་ཐུབ་པར་བོད་ནང་འགག་འདུག
རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་པ་རྩ་མེད་བཟོ་ཟེར་བའི་སྲིད་ཇུས་འོག་ནད་ཡམས་འགོག་ཐབས་ལས་དོན་ལ་ཤུགས་གནོན་རྒྱག་གི་ཡོད་པར་བརྟེན། རྒྱ་ནག་ནས་བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་སྟོང་ཚོ་ཁ་ཤས་ཏོག་དབྱིབས་ནད་འབུ་འགོས་ཡོད་མེད་བརྟག་དཔྱད་རིམ་པ་བྱས་པའི་རྗེས་ལ་མ་གཏོགས་ཕྱིར་ལོག་གཏོང་གི་མེད་སྟབས་རང་གནས་སུ་་ཕྱིར་ལོག་མི་ཐུབ་པར་བོད་ནང་གནས་བཞིན་ཡོད་པ་རེད། ཉེ་བའི་ཟླ་བ་ཁ་ཤས་ནང་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགོག་ཐབས་ཀྱི་དམ་དྲག་འོག་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་རྒྱ་ནག་གི་ལྷོ་ཕྱོགས་མཚོ་ཁའི་ཞིང་ཆེན་ཁག་དང་། བོད་སོག་ནང་སྤྲོ་འཆམ་དུ་བསྐྱོད་ཀྱི་ཡོད་ཀྱང་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཡུལ་གྱི་ས་གནས་དེ་དག་གི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་ནས། རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལ་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་ད་ཆ་ནད་འབུ་འགོས་མི་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་དང་གྲོང་ཁྱེར་གཞིས་རྩེ་གཙོས་པས་ས་ཁུལ་མང་པོའི་ནང་དམ་དྲག་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། བོད་ནས་ཕྱིར་འགྲུལ་བཤུད་སྣུམ་འཁོར་དང་འགྲུལ་པ་ཚོ་ཡང་ཞིང་ཆེན་གཞན་གྱི་ས་མཚམས་སུ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། བོད་ནས་ཡུན་ནན་ཞིང་ཆེན་ཁུལ་དུ་བསྐྱོད་མཁན་གྱི་མོ་ཊ་བརྒྱ་ཕྲག་མང་པོ་ཡུན་ནན་ས་མཚམས་སུ་བཀག་སྡོམ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་བཀོད་འདུག།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག