བོད་ཀྱི་རྒྱལ་ས་ལྷ་ས་ནས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་སྡུག་ཁྲོད་བོད་མི་ཁག་ཅིག་ཁང་པ་ནས་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ལྷ་ས་ཡོངས་སུ་སྒོ་རྒྱ་བསྡམས་ནས་ཉིན་གྲངས་༥༢འགྲོ་བཞིན་ཡོད་པ་དང་། ཏོག་དབྱིབས་རིམས་ནད་ཀྱི་དཀའ་སྡུག་འོག་བོད་མི་ཁག་ཅིག་ཁང་པ་ནས་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ། བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་བྱེད་བཞིན་པ་ལྟར། ད་ལྟའི་ཆར་མི་ཁག་ཅིག་མཆོང་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དངོས་ཡོད་ཡིན་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་བརྗོད་གནང་བྱུང་ལ། ཡང་འབྲེལ་ཡོད་ནས་མུ་མཐུད་འདས་གྲོངས་སུ་ཕྱིན་པའི་ཁྲོད་ཀྱི་གཅིག་བུད་མེད་ཡིན་པ་ལས་གཞན་དག་གི་ཞིབ་ཕྲའི་གནས་ཚུལ་ཅི་ཡང་ཁ་གསལ་ཤེས་རྟོགས་མེད་པ་བརྗོད་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་ད་ལྟའི་ཆར་མི་ཚང་མ་བཙན་ཐབས་ཀྱིས་ནང་ལ་བཅུག་པ་དང་། དྲ་ལམ་ཁག་ཏུ་ལྷ་སའི་གནས་ཚུལ་སྐོར་ཚང་མ་བཀག་འགོག་འོག་ཡོད་པས། མཐའ་ན་ཁྱིམ་མཚེས་གཡས་གཡོན་ཡིན་ན་ཡང་།ཤེས་རྟོགས་མི་ཐུབ་པའི་གནས་སུ་ལྷུང་ཡོད་པ་དང་། ཁང་པ་ནས་མཆོང་སྟེ་འདས་གྲོངས་སུ་ཕྱིན་པ་རེ་གཉིས་ཙམ་མིན་པར་ཁ་ཤས་བྱུང་ཡོད་སྐོར་བརྗོད་བྱུང་ལ། གཞན་ཡང་ལྷ་སའི་རིམས་ནད་ཀྱི་དཀའ་སྡུག་དང་འབྲེལ་ལྷ་སར་གནས་སྡོད་བོད་མི་ཞིག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད། ད་ལྟའི་ཆར་རིམས་ནད་ཙམ་མ་ཡིན་པར་དམ་དྲག་དང་བཙན་པོ་དབང་ཡོད་ཀྱིས་བོད་མི་ཚོ་བྱ་ཐབས་བྲལ་བའི་གནས་སུ་ལྷུང་ཡོད་པས། ཕྱི་ཕྱོགས་ཀྱི་བོད་མི་ཚོས་ང་ཚོར་རོགས་པ་ཞིག་བྱེད་ཐུབ་པ་ཡོད་ན་ད་ལྟ་དུས་ལ་རན་ཡོད་པའི་འབོད་སྐུལ་ཞུས་གནང་སོང་།
ཡང་རྒྱ་ནག་གི་ཝེ་པོ་སྤྱི་ཚོགས་དྲ་ལམ་སྟེང་ཁྱབ་སྤེལ་བྱེད་བཞིན་པའི་གནས་ཚུལ་ཁག་ཅིག་ནང་། ཕྱི་ཚེས་༢༣གྱི་ཞོགས་པ་ལྷ་སའི་ཤར་ངོས་དགའ་སྐྱིད་གླིང་སྡེ་ཁུལ་ནས་མི་གཅིག་དང་། ཚེས་༢༤དང་ཚེས་༢༥བར་ལྷ་སའི་ནུབ་ངོས་ཁྲལ་སྲུང་ས་ཁུལ་གྱི་ཟུར་བཀག་ཁང་ནས་མི་གཅིག། གཞན་ཡང་ནོར་བུ་གླིང་གའི་ཉེ་འགྲམ་བརྒྱད་གཅིག་སྡེ་ཁུལ་ནས་མི་གཅིག། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཉེ་འགྲམ་ནས་མི་གཅིག་དང་། སེ་རའི་ལམ་ཕྱོགས་ནས་མི་གཅིག་བཅས་ཁྱོན་མི་ལྔ་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཡོད་པ་ལས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ད་བར་མི་ག་ཚོད་འདས་གྲོངས་སུ་ཕྱིན་ཡོད་དང་། མི་སྣ་དེ་དག་སུ་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་རྩད་ཆོད་མ་ཐུབ་པར་བརྟེན། མུ་མཐུད་རྩད་འཚོལ་བྱེད་བཞིན་པ་ཡིན།
འགྲེལ་ཡོད་བོད་མི་གཞན་དེས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འོག་འདས་གྲོངས་སུ་ཕྱིན་པ་ཁག་གི་གནས་ཚུལ་ཧ་ཅང་གསང་སྟབས་བྱེད་བཞིན་པ་མ་ཟད། ནང་མི་ཚོར་གནས་ཚུལ་དེའི་རིགས་གླེང་སློང་མི་ཆོག་སྐོར་བརྗོད་ནས། ཡང་དང་བསྐྱར་དུ་ཁ་པར་ཡོང་སྟེ་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཡིན་ན། ཏང་དང་སྲིད་གཞུང་ལ་ཞབས་འདྲེན་ཞུས་པ་ཡིན་པས་ཉེས་ཆད་ལྕི་མོ་གཅོད་རྒྱུ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས། འབྲེལ་ཡོད་ཁུངས་ལྡན་བོད་མི་གསུམ་ནས་ལྷ་ས་ཁུལ་དུ་ཏོག་དབྱིབས་རིམས་ནད་རྐྱེན་གི་བོད་མི་ལྔ་དངོས་སུ་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་གནས་ཚུལ་ཤེས་རྟོགས་བྱུང་བར་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་གནས་ཚུལ་ལྟར་ན་ཕྱི་ཚེས་༢༦ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༧༧༣༥ཟིན་ཡོད་པ་བཀོད་འདུག་ཀྱང་། ཝེ་པོ་སྤྱི་ཚོགས་དྲ་ལམ་སོགས་ཀྱི་ནང་བོད་མི་ཚོས་རྒྱ་ནག་གཞུང་འབྲེལ་གྱི་རིམས་ནད་གནས་ཚུལ་དང་། ནད་པའི་གྲངས་ཐོ་སོགས་ལ་ཡིད་ཆེས་བྱེད་རིན་མེད་པ་བཀོད་མཁན་མང་པོ་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།