རྡ་སར་ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ།

2020.12.18
རྡ་སར་ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ། བཞུགས་སྒར་རྡ་རམ་ས་ལར་ཏོག་དབྱིབས་ནད་དུག་ཕོག་པའི་བཙན་བྱོལ་བོད་མི་ཇེ་མང་དུ་འགྲོ་བཞིན་འདུག
ཨེ་ཨེཕ་པི།

འཛམ་གླིང་སྤྱི་དང་ཁྱད་པར་བཙན་བྱོལ་བོད་མི་མང་ཆེ་བ་གནས་སྡོད་ཀྱི་རྒྱ་གར་རྒྱལ་ཁབ་ནང་ ཀོཝིཌ་༡༩ ཏོག་དབྱིབས་རིམས་ནད་འགོས་ཚབས་གང་འཚམས་ཆེན་པོར་གྱུར་ཏེ། འཛམ་གླིང་སྤྱི་ཡོངས་ནས་ཨང་རིམ་གཉིས་པ་ལ་སླེབས་ཡོད་པར་བརྟེན། བཙན་བྱོལ་བོད་མི་ཚོར་ཡང་རྒྱ་གར་ནང་ས་གནས་ཁ་ཤས་སུ་རིམས་ནད་འགོས་ཁྱབ་གང་ཙམ་ཆེན་པོ་དང་། ཁ་ཤས་སུ་དེ་ཙམ་གྱིས་ཉེན་ཁ་མེད་པ་སོགས་རེས་མོས་ཀྱི་ཚུལ་དུ་འགྱུར་བ་ཐེབས་བཞིན་པ་ལྟར།འདས་པའི་ཟླ་བ་ཁ་ཤས་རིང་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ཁག་ཏུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཆེན་པོ་བྱུང་ཡོད་ནའང་། ད་ཆ་དེ་ཚོའི་གནས་སྟངས་ཇེ་བཟང་དུ་སོང་བ་དུས་མཚུངས་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་འགོས་ཁྱབ་གནས་སྟངས་ཇེ་སྡུག་སོང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས་བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་འདས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་བོད་མི་༤༠ཞེ་གྲངས་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་སོང་ཡོད་པ་འགྲེལ་བརྗོད་གནང་འདུག

ཁོང་གིས་དེ་བཞིན་གྱི་ས་གནས་གསར་པ་ཁག་ཏུའང་ན་ཚ་འགོས་ཁྱབ་འགྲོ་བཞིན་པ་དང་། ཁྱོན་བསྡོམས་པའི་ས་གནས་༣༦ནང་གི་ནད་པ་༡༤༠༠ཡི་ནང་ནས་མང་ཆེ་བ་དྲག་བསྐྱེད་ཀྱིས་དྲག་བསྐྱེད་ཀྱི་གྲངས་འབོར་ནི་བརྒྱ་ཆ་དགུ་བཅུ་ཆགས་ཡོད་ནའང་།འབྱུང་འགྱུར་གྱི་ཟླ་བ་བཞི་ལྔ་རེའི་ནང་སྒྲིག་འཛུགས་དང་སྒེར་བཅས་ཚང་མའི་ངོས་ནས་སྔོན་འགོག་དེ་ཧ་ཅང་གལ་ཆེན་པོ་དང་སྔོན་འགོག་ལ་ཕན་པའི་ལས་དོན་ཡག་པོ་ཞིག་བྱ་མ་ཐུབ་ན། ཁྱབ་བརྡལ་འགྲོ་བ་དང་སོ་སོ་རང་ལ་ན་བ་སོགས་གནས་སྟངས་མང་པོ་ཆགས་ངེས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།དེ་བཞིན་གྱི་སྤྱི་ཟླ་༡༢པའི་ཚེས་༡༧གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་རིམས་ནད་ཐད་བསྐོངས་པའི་གསར་འགོད་གསལ་བསྒྲགས་ཐོག བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་རིམས་ནད་ཚོགས་ཆུང་གི་སྨན་པ་ཚེ་རིང་མཚམས་གཅོད་ལགས་ནས།འདས་པའི་བདུན་ཕྲག་འདིའི་ནང་བཙན་བྱོལ་བོད་མི་༤༥ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག

ཁོང་གིས་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བསྡོམས་པའི་བོད་མི་༡༤༢༡ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་།དྲག་བསྐྱེད་སོང་བའི་གྲངས་ཀ་༡༢༧༦ཡིན་པ།ད་བར་འདས་གྲོངས་སོང་བ་༣༥དང་ནད་མནར་བཞིན་པ་མི་༡༡༠ཡིན་པ་བཅས་འགྲེལ་བརྗོད་གནང་གི་འདུག་ཅིང་།གཞན་ཡང་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྨན་པ་བརྩོན་འགྲུས་ལགས་ནས།བདུན་ཕྲག་འདིའི་ནང་བཞུགས་སྒར་ཁུལ་དུ་བོད་མི་༡༡ལ་ན་ཚ་ཡོད་པ་ར་སྤྲོད་བྱུང་ཡོད་པས།ཚང་མས་ཚོགས་པ་དང་དགོན་སྡེ་ཁག་ནང་ཐུགས་སྣང་བྱ་དགོས་པའི་འབོད་སྐུལ་གནང་འདུག

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་ཁྱབ་ངོས་འཛིན་ཐུབ་པ་ནས་བཟུང་།འཛམ་གླིང་སྤྱི་ལ་རིམས་ནད་དེ་འགོས་ཁྱབ་སོང་བ་ས་ཡ་བདུན་ཅུ་དོན་གཉིས་ཆགས་ཡོད་པ་ལས། ནད་པ་མང་ཤོས་ཨ་མི་རི་ཀ་རྒྱལ་ཁབ་དང་།བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་དུ་ནད་པ་ས་ཡ་དགུ་ཙམ་ཡོད་པ་དང་། ད་ལྟ་ན་ཚ་ན་བཞིན་པ་འབུམ་གསུམ་དང་ཉིས་ཁྲི་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་རེ་དྲུག་ཆགས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎