རྒྱ་གར་ནང་གི་ལྐོག་ཟའི་དཀའ་ངལ་དེར་གདོང་ལེན་བྱེད་ཐབས།

རྒྱ་གར་གྱི་སྲིད་འཛིན་ནས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དེར་གདོང་ལེན་ནན་ཙམ་བྱེད་དགོས་ལུགས།

2011.08.14

༄༅༎རྒྱ་གར་གྱི་སྲིད་འཛིན་མཆོག་གིས་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་དེར་གདོང་ལེན་ནན་ཙམ་བྱེད་དགོས་ལུགས་བཀའ་གནང་ཡོད་འདུག

ད་རིང་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་མོ་འདི་ནི་རྒྱ་གར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་ནས་ལོ་ངོ་དྲུག་བཅུ་རེ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་ཞིག་ཡིན་པ་དང་། ཉིན་དེའི་སྔ་ནུབ་ཏུ་རྒྱལ་ཡོངས་བརྙན་འཕྲིན་ནང་འཚམས་འདྲིའི་གསུངས་བཤད་གནང་ཡོད་པའི་ནང་དོན་གཙོ་བོར། རྒྱལ་ཁབ་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཧ་ཅང་མང་པོ་ཐོན་བཞིན་པ་དེ་ནི་ཀྲན་ནད་དམ་ཀན་སར་ན་ཚ་ལྟབུ་ཡིན་པ་དང་། དེས་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་། སྤྱི་ཚོགས་ཀྱི་གནས་སྟངས་ཚང་མའི་ནང་ཁྱབ་ནས་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་སྟབས་དེ་དག་རྩ་མེད་བཟོ་ཐབས་སུ་ཕྱོགས་ཚང་མའི་ཐོག་ནས་ཕྱི་གསལ་ནང་གསལ་དང་འགན་འཁྲི་ཡོད་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་ནས་ཚང་མའི་ཐོག་ནས་འཕྱར་གྲུ་མཉམ་འདེགས་བྱེད་དགོས་ལུགས་གསུངས་འདུག ད་རེས་སྲིད་འཛིན་མཆོག་གིས་རྒྱལ་ཡོངས་གསུངས་འཕྲིན་ནང་གསལ་བཏོན་གནང་བའི་གནད་དོན་དེ་ནི་དེང་སང་རྒྱ་གར་གྱི་གྲོས་ཚོགས་དང་མང་ཚོགས་ནང་གླེང་སློང་ཆེ་ཤོས་བྱེད་བཞིན་པའི་གནད་དོན་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་ནས་བཟུང་སྐྱེས་བུ་དམ་པ་གྷན་རྡིའི་རྗེས་མཇུག་པ་ཨ་ན་ཧ་ཛ་རི་ཞུ་བས་རྒྱ་གར་ཁྱོན་ཡོངས་སུ་ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུ་དང་ལྷག་པར་དུ་ནག་ཉེས་ཅན་དེ་དག་ཐོག་ཁྲིམས་ཐོག་ནས་ཞིབ་བཤེར་བྱེད་རྒྱུ་ཡོད་པ། དམིགས་བསལ་གཞུང་གི་དཔོན་རིགས་ཚོའི་ཐོག་སྟངས་འཛིན་ཤུགས་ཆེ་ཙམ་ཡོད་པ་ཞིག་དགོས་རྒྱུར་ཇན་ལོག་པལ་བྷིལ་ཞེས་པའི་གྲོས་གཞི་བཏོན་ནས་གྲོས་ཚོགས་ནས་ཁྲིམས་གཞིར་གཏན་ལ་ཕབ་དགོས་པའི་དགོས་འདུན་གྱི་ལས་འགུལ་སྤེལ་བ་དང་། དེར་ཕྱོགས་འགལ་ཚོགས་པ་ཚོས་རྒྱབ་སྐྱོར་བྱེད་ནས་གཞུང་ལ་མཛད་དཀའ་ཆེན་པོ་བཟོ་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་ནི་འདས་པའི་ཟླ་བ་འགའ་ཤས་ནང་ཚུད་དབུས་ས་གཞུང་གི་དཔོན་རིགས་ཆེ་གྲས་ཁག་ཅིག་ནས་ཧིན་སྒོར་ཐེར་འབུམ་མང་པོ་གཞུང་དངུལ་ལྐོག་ཟས་བྱེད་པའི་གནས་ཚུལ་ཐོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎