བཞུགས་སྒར་རྡ་རམ་ས་ལའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་རུ། ཉེ་ལམ་རྒྱ་གར་ས་གནས་ཧི་མ་ཅལ་མངའ་སྡེ་གཞུང་གི་བཀོད་ཁྱབ་གཞིར་བཟུང་སློབ་འགོ་བཙུགས་ཡོད་ནའང་། སློབ་གྲྭ་དེ་གར་དང་པོ་སློབ་ཕྲུག་༡༡་དང་དེའི་རྗེས་ལས་བྱེད་དང་སློབ་ཕྲུག་༩་བཅས། ཁྱོན་བསྡོམས་པས་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་པ་ནད་པ་མི་གྲངས་༢༠་ཐོན་ཡོད་པར་བརྟེན། ས་གནས་ཀང་ར་རྫོང་གིས་བཀག་རྒྱའི་ས་ཚིགས་སུ་ངོས་འཛིན་གྱིས། ཉི་མ་༡༠་རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་སྒོ་རྒྱབ་པ་དང་འབྲེལ་ཐེམ་སྤང་འོག་ཡོད་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ནས་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་གསུང་ན། ནད་པ་དེ་ཚོའི་ཁྲོད་ཛ་དྲག་སུ་གཅིག་ཀྱང་མེད་པར། ནད་རྟགས་ཅུང་ཟད་ཡོད་པ་རེ་ཟུང་དང་ཁ་ཤས་ལ་བརྟག་དཔྱད་དུ་ཐོན་པ་མ་གཏོགས་ནད་རྟགས་ཀྱང་ཐོན་གྱི་མེད་ཅིང་། མང་ཆེ་བ་དུས་རྒྱུན་ནང་བཞིན་ཡིན་པས་ཐུགས་འཚབ་གནང་དགོས་པ་ཅི་ཡང་མེད། སློབ་ཕྲུག་ཆ་ཚང་འཛིན་གྲྭ་༦་པ་དང་ལོ་ཚད་ཆ་སྙོམས་བྱས་ན་༡༢་ཙམ་ཆགས་ཡོད་པ་དང་། རྩ་བའི་ཆ་ནས་དགེ་རྒན་ཚོ་ཁྱིམ་ཚང་དུ་ཕེབས་ནས་སློབ་ཁྲིད་གནང་བཞིན་པ་དང་། སློབ་ཕྲུག་རྒན་པའི་རིགས་ལ་འཛིན་ཁང་དུ་སློབ་ཁྲིད་བྱེད་བཞིན་པ་ཡིན་ནའང་། ད་ཆ་བཀག་སྐྱིལ་བཀའ་རྒྱ་ཕེབས་པ་ལ་བརྟེན་ནས། སློབ་ཕྲུག་ཚོས་རང་སྦྱོང་ཞལ་འདོན་དང་ནང་ལས་ཀྱི་ཐོག་ནས་བཞུགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྡ་སྟེང་བོད་ཁྱིམ་དུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བའི་སློབ་མ་ཚོ་དང་འབྲེལ་འདྲིས་བྱུང་བའི་ཁྱིམ་ཚང་དང་ལས་བྱེད། དགེ་རྒན་བཅས་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་གནང་ཟིན་ཡོད་པ་མ་ཟད། སློབ་གྲྭའི་ངོས་ནས་ཏོག་དབྱིབས་ནད་ཡམས་ཕོག་པའི་སློབ་མ་རྣམས་དང་། དགེ་སློབ་སྤྱི་ཡོངས་ཀྱི་གནས་སྟངས་ལ་གཟིགས་རྟོག་གནང་མུས་ཡིན་ཅིང་། ས་གནས་གཞུང་གིས་བཀའ་རྒྱ་ཕེབས་པ་བཞིན་སྤྱི་ཟླ་༡༡་པའི་ཚེས་༢༥་བར་བཀག་རྒྱའི་འོག་ཡོད་པ་རེད།
རྒྱ་གར་དང་བལ་ཡུལ་ནང་འདས་པའི་བདུན་ཕྲག་གཅིག་རིང་། བཙན་བྱོལ་བོད་མི་༤༤་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་དང་། བོད་མི་གཅིག་འདས་གྲོངས་ཕྱིན་པ་བཅས། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་སྨན་པ་ཚེ་རིང་མཚམས་གཅོད་ལགས་ནས། སྤྱི་ཚེས་༡༨་ཉིན་འཆར་ཅན་གྱི་གསར་འགོད་གསལ་བསྒྲགས་སུ་འགྲེལ་བརྗོད་གནང་ཡོད།
ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཕྱིན་པ་ནས་ད་བར་རྒྱ་གར་དང་བལ་ཡུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ། བོད་མི་༦༨༥༩་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་། ནད་པ་དྲག་བསྐྱེད་བྱུང་བ་༦༦༢༣་དང་འདས་གྲོངས་སུ་སོང་བ་མི་༡༥༨་ཡིན་པ། ད་ལྟ་ནད་མནར་བཞིན་པ་མི་གྲངས་༧༨་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།