རྡ་རམ་སཱ་ལར་ཏོག་དབྱིབས་འགོས་ནད་ཕོག་པའི་ནད་པ་དྲུག་ཅུ་བྱུང་ཡོད་ཀྱང་ཛ་དྲག་རིགས་མི་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས།
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས། (RFA/Dhasa)

0:00 / 0:00

ཉེ་ལམ་བཞུགས་སྒར་རྡ་རལ་ས་ལའི་ཁུལ་དུ་བོད་མིའི་ཁྲོད་ཀོ་ཝིཌ༡༩ཏོག་དབྱིབས་རིམས་ནད་(Covid-19)་འགོས་ཁྱབ་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཆགས་ཡུལ་གངས་སྐྱིད་དུ་ནད་པ་༡༧་དང་། བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་བུ་གླིང་ཁའི་གཡས་ཡོན་དུ་བོད་མི་ནད་པ་༣༠་ཙམ་ཐོན་འདུག་པ་སོགས་འདས་པའི་ཉིན་བཅུ་ཙམ་རིང་རྡ་རམ་ས་ལའི་ཁུལ་དུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་བོད་མི་༦༠་ལྷག་བྱུང་ཡོད་ཀྱང་ནད་པ་ཛ་དྲག་རིགས་གང་ཡང་མེད་པ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
རྒྱ་བལ་འབྲུག་གསུམ་ནང་འདི་ཚེས་༢༢་བར་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་བོད་མི་གྲངས་༡༢༩་བྱུང་ཡོད་པ་དེའི་ཁྲོད་ནད་པ་༧༠་འདས་པའི་ཉིན་བཞིའི་ནང་ཐོན་འདུག་པ་དང་། རྒྱ་གར་ལྷོ་ཕྱོགས་བྷལ་ཀོབ་གཞི་ཆགས་སུ་ཉེ་ལམ་གསར་དུ་བོད་མི་ནད་པ་༣༠་ཙམ་ཐོན་འདུག་ཅིང་། གོང་ཞུས་རྒྱལ་ཁབ་གསུམ་ནང་ནད་ཡམས་དེའི་རྐྱེན་གྱིས་ད་བར་བོད་མི་༡༥༠་འདས་གྲོངས་སུ་ཕྱིན་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་༡༩་སྔོན་འགོག་ལས་དོན་ཚོགས་ཆུང་ནས་གནས་ཚུལ་སྤེལ་འདུག་ཅིང་། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཉེ་ལམ་གསར་དུ་ཐོན་པའི་ནད་པ་མང་ཆེ་བར་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་པ་དེ་སྐྱོན་ཟིན་ཡོད་པ་དང་། དེའི་དབང་གིས་ད་ཆ་ནད་པ་ཛ་དྲག་རིགས་བྱུང་མེད་པ་འགྲེལ་བརྗོད་གནང་གི་འདུག

building resized.jpg


དེ་སྔོན་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་མ་སྐྱོན་གོང་དུ། ནད་ཡམས་དེའི་རྐྱེན་གྱིས་བོད་མི་མི་ཉུང་བ་ཞིག་ལ་སྲོག་རླུང་མ་འདང་བ་ལ་སོགས་པའི་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་། ད་སྐབས་རྒྱ་གར་ནང་བོད་མི་དགུང་ལོ་༡༨་ཡས་ཀྱི་མི་གྲངས་བརྒྱ་ཆ་༩༢་ཙམ་ལ་སྔོན་འགོག་སྨན་ཁབ་སྐྱོན་ཟིན་ཡོད་པ་དེ་དག་ཁྲོད་ཁག་ཅིག་ལ་ནད་དུག་འགོས་ཡོད་ནའང་། བརྟག་དཔྱད་མ་བྱས་བར་དུ་དམིགས་བསལ་གྱི་ནད་རྟགས་རིགས་མེད་པ་ལྟ་བུ་རེད། ད་ལྟའི་ཆར་སྔོན་འགོག་སྨན་ཁབ་ཀྱིས་ལས་ཀ་བྱེད་ཀྱི་ཡོད་པ་གསལ་པོ་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཡང་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་ཁང་དུ་ད་ཆ་བོད་མི་ནད་པ་༤༠ ཙམ་ཟུར་བཀག་ཏུ་བཞག་འདུག་པ་དེའི་ཁྲོད་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཁོང་མོས་སྔོན་འགོག་སྨན་ཁབ་གཉིས་ཀ་སྐྱོན་ཟིན་ཡོད་པར་བརྟེན། བརྟག་དཔྱད་བྱེད་པའི་སྐབས་ནད་རྟགས་རིགས་གང་ཡང་མེད་ཀྱང་། ཉིན་གཉིས་ཀྱི་རྗེས་སུ་སྣ་ཆུ་ཐོན་པ་དང་ལུས་པོ་ཅུང་མི་བདེ་བ་སོགས་ཀྱི་ནད་རྟགས་ཡོད་པ་ལས་དེ་མིན་ནད་གཞི་ལྗིད་པོ་རིགས་གང་ཡང་མེད་པས། ཚང་མས་ངེས་པར་དུ་སྔོན་འགོག་སྨན་ཁབ་སྐྱོན་རོགས་ཞེས་འབོད་སྐུལ་ཞུས་གནང་གི་འདུག
ཡང་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་བོད་མི་གནས་ཡུལ་ས་ཁུལ་མང་ཆེ་བའི་ནང་ནད་དུག་སྔོན་འགོག་ཚོད་འཛིན་གྱི་ལས་གཞི་དང་འབྲེལ་བའི་ཛ་དྲག་ལས་དོན་ཚོགས་ཆུང་ཁག་ནས་ཚ་ཚ་འུར་འུར་ངང་ལས་དོན་སྤེལ་མུས་ཡིན་ནའང་། ས་ཁུལ་ཁུག་ཀྱོག་ཁག་ཅིག་ལ་ནད་ཡམས་དེའི་སྐོར་གོ་རྟོགས་ཞན་པོ་ཡོད་པའི་ཁར། དེའི་དབང་གིས་ནད་པ་ཁག་ཅིག་གི་ལུས་སེམས་གཉིས་ཀར་དཀའ་ངལ་ཡོང་གི་འདུག་པས། ངེས་པར་དུ་ཚང་མ་མཉམ་རུབ་ཀྱིས་ཕན་ཚུན་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་སོང་།
བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་ལས་གཞི་དེ་ད་ཆ་མུ་མཐུད་འགྲོ་མུས་ཡིན་པ་དང་། སྨན་ཁང་དེ་ཉིད་ཀྱིས་གོ་སྒྲིག་འོག་ད་བར་རྡ་རམ་ས་ལའི་ཁུལ་གྱི་བོད་མི་༤༤༠༠ལྷག་ལ་སྔོན་འགོག་སྨན་ཁབ་སྐྱོན་ཟིན་འདུག་ཅིང་། སྨན་པ་བརྩོན་འགྲུས་ལགས་ཀྱིས། ནད་དུག་སྔོན་འགོག་སྨན་ཁབ་ཀྱིས་ད་སྐབས་ཕན་ནུས་ཡག་པོ་ཡོང་གི་འདུག་པས་ཁོང་དང་འདྲ་བའི་འཕྲོད་ལས་པ་ཚོ་བློ་བདེ་ཡོང་གི་འདུག་ཅེས་དང་། ནད་རྟགས་ཐོན་མ་ཐག་ཏུ་ངེས་པར་དུ་བརྟག་དཔྱད་གནང་རོགས་ཞེས་འབོད་སྐུལ་གནང་གི་འདུག་ལ། མ་འོངས་པར་བོད་མི་ཚོར་སྔོན་འགོག་སྨན་ཁབ་གསུམ་པ་རྒྱག་རྒྱུའི་ཐད་ད་ལྟའི་ཞུ་ཚོད་གང་ཡང་ཐུབ་ཀྱི་མིན་འདུག་ཅེས་གསུངས་གནང་སོང་།
རྒྱ་གར་རྒྱལ་ཡོངས་ནང་འདི་ཚེས་༢༢ ཉིན་གྱི་ཕྱི་དྲོ་བར་ནད་ཀྱིས་མནར་བཞིན་པ་མི་གྲངས་༣༠༡༩༨༩ ཡོད་པ་དེ་བདུན་ཕྲག་སྔོན་མ་དང་བསྡུར་བ་ཡིན་ན་ནད་པ་འབུམ་གཅིག་དང་ཁྲི་བཞི་ཙམ་ཉུང་དུ་ཕྱིན་འདུག་པ་དང་། ནད་དུག་དེའི་དབང་གིས་ད་བར་མི་གྲངས་༤༤༥༧༦༨་འདས་གྲོངས་སུ་ཕྱིན་ཡོད་པ་རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ནས་བསྒྲགས་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།