བོད་ཀྱི་འབྲས་ནད་ཚོགས་པ་སོགས་ཀྱིས་རྒྱ་གར་ནང་ནད་ཡམས་འགོས་ཁྱབ་ཀྱི་ཛ་དྲག་དཀའ་ངལ་སྐབས་རོགས་རམ་གནང་བཞིན་པར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལེགས་གསོལ་བསྔགས་བརྗོད་གནང་འདུག
དེ་ཡང་ད་སྐབས་རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་སྐབས་རྒྱ་གར་ཡུལ་མི་དང་བཙན་བྱོལ་བོད་མི་ཚོར་ཕྱོགས་གང་ས་ནས་དཀའ་ངལ་འཕྲད་བཞིན་པའི་སྐབས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བོད་ཀྱི་འབྲས་ནད་ཚོགས་པས་རང་ཉིད་བློས་བཏང་གིས་དཀའ་ངལ་ཅན་ཚོར་རོགས་རམ་གནང་གི་ཡོད་པར། ༧གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་ནས་ལེགས་གསོལ་བསྔགས་བརྗོད་གནང་བ་དང་མཉམ་ཧིན་སྒོར་ཆིག་འབུམ་ཆིག་ཁྲི་ཞལ་འདེབས་གནང་ཡོད་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱི་མཚན་ཐོག་ནས་ཕྱི་ཚེས་༤་ཉིན་བསྩལ་བའི་ཡི་གེའི་ནང་། བོད་ཀྱི་འབྲས་ནད་ཚོགས་པས་སྤྱིར་འབྲས་ནད་ཀྱི་ནད་པ་དང་། ཡང་སྒོས་སུ་ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་ད་ལྟའི་གཉན་འཕྲང་ཅན་གི་དུས་སྐབས་འདིར་ནད་པ་རྣམས་ལ་དགོས་ངེས་ཀྱི་རོགས་རམ་གནང་བཞིན་པར་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་ཡིད་རང་བསྔགས་བརྗོད་ཞུ་རྒྱུ་ཙམ་དུ་མ་ཟད། སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་གསུངས་བཞིན་པ། གཞན་ལ་རོགས་ཕན་བྱ་རྒྱུ་ནི་དོན་དམ་གྱི་བྱམས་བརྩེ་ལག་བསྟར་ཡིན་པས། འབྲས་ནད་ཚོགས་པའི་ལས་དོན་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་རྒྱ་གར་གྱི་ཤོག་སྒོར་འབུམ་གཅིག་དང་ཁྲི་གཅིག་གི་མ་དངུལ་གསོལ་བསྩལ་གནང་རྒྱུ་ཡིན་པ་འཁོད་འདུག
བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་བསྔགས་བརྗོད་ཀྱི་བཀའ་ཡིག་གནང་པ་དེས། ཚོགས་པའི་ཚོགས་མི་ཡོངས་ལ་སེམས་ཤུགས་ཀྱི་ཀུན་སློང་དང་བརྗོད་མི་ཤེས་པའི་དགའ་སྤོབས་བྱུང་ལུགས་ངོ་དེབ་བརྒྱུད་གསུངས་པ་དང་། ཁོང་རྣམས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེས་རྙེད་པར་དཀའ་བ་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་དེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡུན་གནས་ཐུབ་པ་དང་། བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར་༧གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་འཕགས་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་། རླབས་ཆེན་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་ གཉིས་སྨན་དབུ་མའི་ལམ་གྱི་བོད་དོན་བདེན་མཐའ་མྱུར་དུ་གསལ་ཞིང་། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་ཐུབ་པ་དང་། བདག་སོགས་རྣམས་ཀྱང་མགོན་པོ་གང་ཉིད་ཀྱི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འབྲལ་མེད་རྗེས་སུ་འཛིན་རྒྱུ་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་ཡིན་པ་འཁོད་འདུག
བོད་ཀྱི་འབྲས་ནད་ཚོགས་པ་དེ་བཞིན་སྤྱིར་བོད་མིའི་སྤྱི་ཚོགས་ཁྲོད། འབྲས་ནད་ཀྱིས་མནར་བའི་བོད་མིར་ལྟ་སྐྱོང་རོགས་རམ་ལ་དམིགས་སྟེ་ཆེད་འཛུགས་བྱས་པ་ཡིན་རུང་། སྔ་ལོ་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་དང་། ལྷག་པར་དུ་ཉེ་བའི་དུས་སུ་ནད་ཡམས་འགོས་ཁྱབ་ཀྱི་རླབས་རྒྱུན་རིམ་པ་གཉིས་པ་བྱུང་བའི་ཛ་དྲག་གི་གནས་སྟངས་འོག ལྡི་ལི་ཁུལ་གྱི་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་ཕོག་པའི་བོད་མི་རྣམས་ལ་ཉིན་མཚན་བསྟུད་མར་ལྟ་སྐྱོང་རོགས་རམ་གྱི་ཞབས་ཞུ་བསྒྲུབ་བཞིན་པ་རེད།
0:00 / 0:00