བོད་ཀྱི་རྒྱལ་དར་འཕྲོག་པའི་ནོར་འཁྲུལ་ངོས་ལེན་དང་གུན་གསབ་སྤྲོད་རྒྱུ།
2018.04.24

ཌེན་མརྐ་ཡུལ་གྱི་ཉེན་རྟོག་པས་བོད་དོན་ལས་འགུལ་བ་ཚད་ལས་བརྒལ་བའི་བཀག་འགོག་བྱས་པར་ནོར་འཁྲུལ་ངོས་ལེན་དང་མཉམ་གུན་གསབ་སྤྲོད་རྒྱུ་ཡིན་འདུག
དེ་སྔ་ཌེན་མརྐ་ཡི་རྒྱལ་ས་ཀོ་པེན་ཧེ་གྷེན་གྱི་ཉེན་རྟོག་པས་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ལས་འགུལ་ཚོའི་ཐོག་ཚད་ལས་བརྒལ་བའི་དམ་དྲག་དྲག་གནོན་བྱས་པ་དེ་དག་ནོར་འཁྲུལ་ཤོར་བ་ཞིག་ཡིན་པའི་ངོས་ལེན་བྱས་པ་དང་སྦྲགས། ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་ཚོར་གུན་གསབ་སྤྲོད་རྒྱུའི་ཁས་ལེན་ཡང་བྱས་འདུག
དེ་སྔོན་ཕྱི་ལོ་ ༢༠༡༢ དང་ ༢༠༡༣ སོ་སོར་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་ཌེན་མརྐ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས། རྒྱལ་ཁབ་དེའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བར་ཌེན་མརྐ་གྱི་ཉེན་རྟོག་པས་ངོ་རྒོལ་བ་རྣམས་རྒྱ་ནག་གི་དཔོན་རིགས་བསྐྱོད་སའི་ཉེ་འཁྲིས་སུ་མ་བཏང་བ་དང༌། ངོ་རྒོལ་བ་ཚོའི་མདུན་དུ་འགྲུལ་བསྐྱོད་སྣུམ་འཁོར་ཆེན་པོ་དེ་འདྲ་བཞག་ནས་ངོ་རྒོལ་བ་ཚོ་ཆེད་མངགས་མི་མངོན་པ་བཟོ་ཐབས་བྱས་པ། དེ་བཞིན་ངོ་རྒོལ་བ་ཚོའི་ལག་ནས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་བཙན་འཕྲོག་བྱས་པའི་རྙོག་གླེང་ཞིག་བྱུང་བར་བརྟེན། བོད་དོན་རྒྱབ་སྐྱོར་བ་ཚོས་གནད་དོན་འདི་སྤྱི་དམངས་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་པའི་སྐྱོན་འཛུག་འོག་ཁྲིམས་གཏུག་བྱ་རྒྱུའི་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་རེད། འོན་ཀྱང་ཉེ་ལམ་ཀོ་པེན་ཧེ་གྷེན་གྲོང་ཁྱེར་གྱི་ཉེན་རྟོག་པའི་འགོ་ཁྲིད་ (Anne Tonnes) ཡིས། མང་གཙོའི་རྒྱལ་ཁབ་ཞིག་གི་ནང་ཉེན་རྟོག་པས་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་བཅས་ཀྱི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ཀྱང༌། ང་ཚོས་དེ་ལྟར་བྱས་མེད་ཅེས་བཤད་དེ་དེ་སྔའི་ནོར་འཁྲུལ་ངོས་ལེན་བྱས་པ་མ་ཟད། ངོ་རྒོལ་བ་ཚོར་ཌེན་མརྐ་གི་ཤོག་སྒོར་ཁྲི་གཉིས་རེ་གུན་གསབ་སྤྲོད་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག ཌེན་མརྐ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Anders Hojmark Andersen) གྱིས། ཉེན་རྟོག་པས་ཁོ་ཚོས་དེ་སྔ་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་བ་ངོས་ལེན་བྱས་པ་མ་ཟད། དངུལ་གྱི་གུན་གསབ་སྤྲོད་རྒྱུའི་ཁས་ལེན་བྱས་པ་དེར་དགའ་སྤྲོ་ཆེན་པོ་བྱུང༌། འདི་ནི་ང་ཚོས་དགོས་འདུན་བཏོན་པ་ཁག་ལ་གྲུབ་འབྲས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག
གསར་འགོད་པ་ངག་ཆོས།